གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁེ་འཐུས་དང་ བགོ་བཤའི་ཁེ་སང་ བྱིན་མ་ཆོག་པའི་བཀག་ཆ།


བསྟན་འཛིན་རྣམ་རྒྱལ།

ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྤྱི་ལོ་༢༠༡༡ གི་ ཁེ་འཐུས་དང་ བགོ་བཤའི་ཁེ་སང་ཚུ་ མ་བྱིན་ཟེར་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ དབང་འཛིན་གྱིས་ ཁོང་གི་འོང་འབབ་དང་དངུལ་གྱི་གནས་ཚད་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཁེ་འཐུས་དེ་ ལས་སྡེ་ཚུ་གིས་ ལོ་༡ ནང་ འོང་འབབ་ལེགས་ཤོམ་བཟོ་མི་ ལས་བྱེདཔ་ཚུ་ལུ་ ངོས་ལེན་གྱི་ གསོལ་རས་བཟུམ་ཅིག་སྦེ་ ཟླཝ་༡ དང་ ཡང་ཅིན་ ཟླཝ་༢ ཀྱི་ དངུལ་ཕོགས་བྱིན་དོ་ཡོདཔ་ད་ བགོ་བཤའི་ཁེ་སང་དེ་ འགོ་ཐོག་ ལས་སྡེ་གཞི་བཙུགས་འབད་བའི་སྐབས་ མི་ཚུ་གིས་ བགོ་བཤའ་ཉོ་སྟེ་ མ་རྩ་བཙུགས་མི་དེ་ལུ་ སླབ་དོ་ཡོདཔ་ཨིན་པས།
ཁེ་འཐུས་དང་ བགོ་བཤའི་ཁེ་སང་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༣ པ་དང་༤ པའི་ནང་ བྱིན་དོ་ཡོདཔ་ཨིན་རུང་ དུས་ཅི་ དབང་འཛིན་གྱིས་ བྱིན་མ་ཆོག་པའི་ བཀག་ཆ་འབད་ཡོདཔ་ད་ ལས་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལམ་སྟོན་དང་འཁྲིལ་ཏེ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ དང་ཕྱདཔ་ད་༢༠༡༡ ལུ་ དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཡོདཔ་ད་ དེ་ཡང་ འབྲུག་གི་དངུལ་ཁང་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༦༤༤ བཟོ་མི་དེ་ དངུལ་ཁང་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
དེའི་འོག་ལས་ར་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༥༡༠ དང་ འབྲུག་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༠༥ དེ་ལས་ འབྲུག་པཱན་ཇབ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༣༣ བཟོ་ཡོདཔ་ཨིན་པས། 
དེ་ལས་ དངུལ་འབྲེལ་ལས་ཁང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༤༥༠ བཟོ་ཡོདཔ་ཨིན་པས།
དངུལ་ཁང་དང་ དངུལ་འབྲེལ་ལས་ཁང་ཚུ་གིས་ སྤྱི་ལོ་༢༠༡༡ ལུ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ ལོ་དེ་ནང་ འབྲུག་གི་དངུལ་ཁང་གི་འོང་འབབ་ བརྒྱ་ཆ་༧༠ ཡར་སེང་སོང་ཡོདཔ་ད  དེའི་ཤུལ་ལས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་འོང་འབབ་ བརྒྱ་ཆ་༣༥ འབྲུག་གོང་འཕེལ་དངུལ་ཁང་གི་ བརྒྱ་ཆ་༡༧ དེ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བརྒྱ་ཆ་༢༥ ཡར་སེང་སོང་ཡོདཔ་ཨིན་པས།
འབྲུག་པཱན་ཇབ་དངུལ་ཁང་དེ་ གཞི་བཙུགས་འབད་དེ་ ད་ལྟོ་ ལོ་༡ དེ་ཅིག་ལས་ མ་ལང་ནི་དེ་གིས་ ལོ་༡ གི་ འོང་འབབ་རྐྱངམ་གཅིག་ལས་བརྒལ་ ཁྱད་པར་བཏོན་མ་ཚུགས་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ ཡོངས་ཁྱབ་འཛིན་སྐྱོང་པ་འོག་མ་ བཱ་ཝ་ནི་ ཤང་ཀར་གྱིས་ སླབ་མིའི་ནང་ དུས་ཅི་ ལས་སྡེ་གིས་ བགོ་བཤའི་ཁེ་སང་ མ་བྱིན་མི་དེ་ཡང་ ལས་སྡེ་དེ་ གཞུང་གིས་ གཞི་བཙུགས་འབད་བའི་ཁར་ ཁོང་གི་དམིགས་ཡུལ་དེ་ ཁེ་སང་བཟོ་ནི་རྐྱངམ་གཅིག་མེན་པར་ གྲོང་གཡུས་ནང་སྡོད་མི་ཚུ་ལུ་ སྐྱིན་འགྲུལ་བྱིན་ཐོག་ལས་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དེ་ ཨིན་ཟེར་ཨིནམ་ད་ དངུལ་ཁང་དེ་ ད་ཚུན་གྱི་བར་ན་ གཞུང་ལས་ ཁྲལ་ཡངས་ཆག་ཐོབ་མིའི་ གྲས་ཁར་ཨིན་པས།
ཁེ་སང་རྐྱངམ་གཅིག་ལུ་ ཤུགས་བཏོན་མི་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བཀོད་ཚོགས་འཐུས་མི་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ སྒེར་གྱི་དངུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་གསརཔ་ ལེ་ཤ་གཞི་བཙུགས་འབད་རུང་ ཁོང་གི་འོང་འབབ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཡར་སེང་འགྱོ་བའི་ གནད་དོན་ཅིག་ དོན་མེད་ཀྱི་ ཟད་འགྲོ་མར་ཕབ་ ལེ་ཤ་རྐྱབ་ཚུགས་ནི་དེ་གིས་ ཨིན་ཟེར་བའི་གནས་ཚུལ།







No comments:

Post a Comment