གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་ནང་འཁོད་ལུ་ སྣུམ་འཁོར་ལམ་བསལ་ནིའི་ དཔག་ཚད་བསྒྱུར་བཅོས།


ཉི་མ་དབང་འདུས།

ཐིམ་ཕུ་ ལྕང་འབངས་འགྲོའི་ ས་ཁོངས་ནང་ ད་རེས་ ས་གནས་གོང་འཕེལ་འཆར་གཞི་ རྩམ་པའི་བསྒང་ཡོདཔ་བཞིན་དུ་ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ས་གནས་ནང་འཁོད་ལུ་ སྣུམ་འཁོར་ལམ་བསལ་ནིའི་དཔག་ཚད་ བསྒྱུར་བཅོས་འབད་མི་ལུ་བརྟེན་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ སེམས་མ་དགའ་བར་ཡོདཔ་ཨིན་པས།

ཁོང་གིས་ སླབ་མིའི་ནང་ ད་ལྟོ་བསྒྲུབས་ཡོད་པའི་ སྒྲིང་ཁྱིམ་དང་ རྐྱབ་པའི་བསྒང་ཡོད་པའི་སྒྲིང་ཁྱིམ་ དེ་ལས་ བཟོ་སྐྲུན་གྱི་དོན་ལུ་ བཀོད་རིས་བཟོ་མི་ཚུ་ ཧེ་མའི་ ས་གནས་གོང་འཕེལ་འཆར་གཞི་ཨམ་ལུ་ གཞི་བཞག་སྟེ་ཨིནམ་ལས་ ད་རེས་ དེ་བཟུམ་མའི་ བསྒྱུར་བཅོས་འབད་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ འཐོན་ནི་ཨིན་མས་ཟེར་ཨིན་པས།
སྣུམ་འཁོར་ལམ་དེ་ ཧེ་མའི་ འཆར་གཞི་ཨམ་དང་མ་འཁྲིལ་བར་ ད་རེས་ བསྒྱུར་བཅོས་འབད་ས་ལས་ བསལ་བ་ཅིན་ དེ་གིས་  བཟོ་སྐྲུན་འབད་ནིའི་དོན་ལུ་ བཀོད་རིས་དང་ ས་ཁོངས་ཀྱི་ས་ཁྲ་ཚུ་ གྲ་སྒྲིག་སོང་ཡོད་པའི་ ཁྱིམ་ས་ཅིག་གུ་ ཕོག་དོ་ཡོདཔ་མ་ཚད་ ཧེ་མ་ལས་ བཟོ་སྐྲུན་འབད་ཚར་མི་ སྒྲིང་ཁྱིམ་ཚུ་གི་ སྣུམ་འཁོར་བཞག་ས་དང་ བཙོག་ཆུའི་མཛོད་ཚུ་ལུ་ཡང་ གནོད་དོ་ཡོདཔ་སྦེ་ ས་གནས་ནང་སྡོད་མི་ཅིག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འཛིན་གྱིས་ བསྒྱུར་བཅོས་འབད་མི་ འཆར་གཞི་གསརཔ་དེ་དང་འཁྲིལ་བ་ཅིན་ ལམ་དེ་གིས་ སྒྲིང་ཁྱིམ་༡ ལུ་མ་གཏོགས་ གཞན་མི་༥ དེ་ཅིག་ལུ་ ཕན་མི་ཐོགས་ནི་མས་ཟེར་ སླབ་ཨིན་པས།
ད་རེས་ཀྱི་ བསྒྱུར་བཅོས་དེ་ལུ་ལྟ་སྟེ་ སེམས་མ་དགའ་བར་ཡོད་མི་ཚུ་གིས་ ཁྲོམ་སྡེ་ལས་འཛིན་ལུ་ ཉོགས་བཤད་ཡི་གུ་ཚུ་ བཙུགས་ཡོདཔ་ཨིན་པས།
དེ་ལུ་ ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དེ་སྦེ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ ཧེ་མའི་ འཆར་གཞི་ནང་ཚུད་མི་ སྣུམ་འཁོར་ལམ་གྱི་ས་ཁོངས་དེ་ གཟར་དྲགས་སྦེ་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ ས་ཁོངས་ནང་འཛུལ་ཞིནམ་ལས་ ད་རུང་ ལོག་འཐོན་པའི་སྐབས་ ལམ་དེ་ནང་ལས་ར་ འཐོན་འགྱོ་དགོ་ནི་ཨིནམ་ལས་ ལེགས་ཤོམ་ཅིག་སྦེ་ མ་མཐོང་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ འཆར་གཞི་ནང་ བསྒྱུར་འབཅོས་འབད་ཡོདཔ་ཨིན་རུང་ དེ་གིས་ གནོད་སྐྱོན་བྱུང་མི་ཚུ་ ཁྱིམ་རྐྱབ་ནིའི་དོན་ལུ་ བཀོད་རིས་ཚུ་ གྲ་སྒྲིག་སོང་ཡོད་མི་ ཁྱིམ་ས་དེ་ཡང་ ཁྱིམ་ས་དེ་གི་འོག་ལུ་ཡོད་པའི་ ས་ཁོངས་ཅིག་ནང་ སྤོ་བཤུད་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁྱིམ་ས་དེ་གི་ ཇོ་བདག་གིས་ སླབ་མིའི་ནང་ ཁྱིམ་ས་དེ་ སྤོ་བཤུད་འབད་བའི་བསྒང་ལས་ བཀོད་རིས་ཡང་ སོར་དགོ་ནི་ཨིནམ་ལས་ བཀོད་རིས་གསརཔ་བཟོ་ནིའི་ ཟད་འགྲོ་ཚུ་ ལས་འཛིན་གྱིས་ གཏང་དགོ་པའི་ཡི་གུ་ཅིག་ བཙུགས་ཡོདཔ་ཨིན་རུང་ ཁྲོམ་དཔོན་གྱིས་འབད་བ་ཅིན་ ཇོ་བདག་དེ་གི་ཁྱིམ་ས་དེ་ ཧེ་མ་འབད་བ་ཅིན་ ཀོང་རྩེའི་བཟོ་དབྱིབས་སྦེ་ཡོད་ས་ལས་ གྲུ་༤ དཀྱུས་རིང་འབད་བའི་ ས་ཁོངས་ལེགས་ཤོམ་ནང་ སྤོ་བཤུད་འབད་ཡོདཔ་ལས་ བཀོད་རིས་སོར་ནིའི་ཟད་འགྲོ་ཚུ་ ལས་འཛིན་གྱིས་ གཏང་མི་ཚུགས་ཟེར་ཨིན་པས། 
དེ་མ་ཚད་ ད་ལྟོ་ཡོད་པའི་ ཇོ་བདག་གི་བཀོད་རིས་དེ་ སྤོ་བཤུད་འབད་བའི་ས་ཁོངས་གསརཔ་ནང་ཡང་ ལག་ལེན་འཐབ་བཏུབ་ནི་ཨིནམ་ལས་ མ་སོར་རུང་བཏུབ་ནི་སྦེ་ སླབ་ཅི་ཟེར་ཨིནམ་ད་ དེ་སྦེ་ བསྒྱུར་བཅོས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ མི་༡ དང་༢ ཀྱི་དོན་ལུ་མེན་པར་ མི་སྡེ་ལུ་ ཕན་ཐོགས་འབྱུང་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ལྕང་འབངས་འགྲོ་གི་ ས་གནས་གོང་འཕེལ་འཆར་གཞིའི་དོན་ལུ་ ཟད་འགྲོ་ཚུ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ གཏང་ནི་ཨིན་རུང་ ད་ལྟོ་ མ་དངུལ་མ་ཐོབ་པར་ཡོདཔ་ད་ སྤྱི་ལོ་༢༠༡༣ དང་༢༠༡༤ ལུ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment