གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་ཀྱི་བཟོ་བཀོད་དང་ སྔར་སྲོལ་ལུ་ དམིགས་གཏད་བསྐྱེད་དགོཔ།


བཀྲིས་ཕུན་ཚོགས།

ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་དཔེ་མཛོད་ཀྱི་ ཞལ་འཛོམས་ཁང་ནང་ རྫོང་ཁག་༢༠ གི་ སྲོལ་འཛིན་འགོ་དཔོན་ཚུ་གིས་ ལོ་བསྟར་ཞལ་འཛོམས་ཐེངས་༥ པ་ འཚོགས་པའི་སྐབས་ལུ་ གསུང་གྲོས་གཙོ་བོ་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ དེ་ལས་ མཆོད་རྟེན་ཚུ་ ཉམས་ཆག་ཤོར་བའི་སྐབས་ ལོག་ག་དེ་སྦེ་ བཞེངས་ནི་ཨིན་ན་དང་ ག་གིས་ བཞེངས་ནི་ཨིན་ན་ དེ་ལས་ དམངས་ཀྱི་ལྷ་ཁང་ཚུ་ གཞན་ལུ་ རྩིས་སྤྲོད་འབད་ཆོག་དང་ མ་ཆོག་པའི་ཁྲིམས་ལུགས་སྐོར་ལས་ གྲོས་བསྟུན་འབད་ཡི།

དེ་ཡང་ བཟོ་རིག་ཉམས་སྲུང་སྡེ་ཚན་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ གནག་མཚོ་རྡོ་རྗེ་གིས་ ལྷ་ཁང་དང་ མཆོད་རྟེན་ དེ་ལས་ རྫོང་གཞིས་ཚུ་ ཉམས་བཅོས་འབད་བའི་སྐབས་ རང་ལུགས་ཀྱི་བཟོ་བཀོད་ཐོག་ སྔར་ག་ཨིནམ་སྦེ་ བཞེངས་དགོ་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ ཉམས་གསོ་ཞུ་ནིའི་དོན་ལུ་ རྫོང་ཁག་ནགས་ཚལ་ལས་ཁུངས་ལས་ ཤིང་ཆ་ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་མི་ཚུ་ བསལ་ཐབས་ཀྱི་ གནས་སྐབས་དང་ འཆར་གཞི་ཚུའི་སྐོར་ལས་ཡང་ གསལ་བཤད་འབད་ཡི།
བསམ་གྲུབ་ལྗོངས་མཁར་གྱི་ སྲོལ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ལྷ་ཁང་ཉམས་གསོ་ཞུ་ནིའི་དོན་ལུ་ ཤིང་ཆས་ཚུ་ རྫོང་ཁག་ནགས་ཚལ་ལས་ཁུངས་ཀྱིས་ གནང་མ་བཏུབ་པའི་ཁར་ གནང་བ་ཚུ་ སྲོལ་འཛིན་ལྷན་ཁག་ལས་ ཞུ་དགོཔ་འབདཝ་ད་ ལས་རིམ་བརྩམས་བཞག་མི་དེ་ལུ་ བར་ཆད་སྦོམ་རྐྱབ་ཡོདཔ་ལས་ ལཱ་གི་གྲུབ་འབྲས་ལེགས་ཤོམ་འབད་ བཏོན་མི་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷ་ཁང་དང་ མཆོད་རྟེན་ཚུ་ ཉམས་གསོ་ཞུ་ནིའི་དོན་ལུ་ ལས་ཁུངས་ལས་ སི་ཨེཕ་ཊི་༡,༠༠༠ བྱིན་མི་དེ་གིས་ ལང་མ་ཚུགས་པའི་དཀའ་ངལ་ཐོན་ཡོདཔ་ལས་ ད་ལས་ཕར་ སི་ཨེཕ་ཊི་༡,༥༠༠ ལས་༢,༠༠༠ ལུ་ སེང་ཐབས་ཡོད་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
དེ་ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ སྲོལ་འཛིན་ལས་ཁུངས་ལས་ ཞིབ་དཔྱད་ཚུ་འབད་དེ་ དུས་ཡུན་རིངམོ་མ་བཞག་པར་ ཆ་རོགས་འབད་དགོཔ་སྦེ་གསུངས་ཡི།
དེ་བཞིན་དུ་ སྲོལ་འཛིན་འགོ་དཔོན་ཚུ་གིས་ གཡུས་སྒོ་ཚུ་ནང་ལས་ཕར་ ཉམས་ཆག་ཤོར་བའི་མཆོད་རྟེན་དང་ ལྷ་ཁང་ དེ་ལས་ ནང་རྟེན་ཚུ་ ལོག་ཉམས་བཅོས་དང་ གསར་བཞེངས་འབད་ནི་ དེ་ལས་ དམངས་ཀྱི་ལྷ་ཁང་ཚུ་ བླམ་དང་ སྤྲུལ་སྐུ་ དེ་ལས་ མཁན་པོ་ཚུ་ལུ་ ཁྲམ་སྤོ་སྟེ་ བྱིན་ཆོགཔ་དང་མ་ཆོགཔ་ སྒེར་གྱི་ཨིན་པ་ཅིན་ ག་དེ་སྦེ་ འབད་ནི་ཨིན་ནའི་ ལམ་ལུགས་མེདཔ་ལས་ ལཱ་འབདཝ་ད་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་མིའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
བློན་པོ་མི་འགྱུར་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ རང་སོའི་ གཡུས་སྒོ་ཚུ་ནང་ཡོད་པའི་ དམངས་ཀྱི་ལྷ་ཁང་ཚུ་ ཁྲམ་སྤོ་སྟེ་ བླམ་དང་ སྤྲུལ་སྐུ་ དེ་ལས་ མཁན་པོ་ཚུ་གི་ མིང་ཐོག་ཁར་ བྱིན་མ་ཆོགཔ་ཨིན་རུང་ མི་སེར་ཚུ་གིས་ བླམ་སྦེ་ བཞག་ཆོག་ཟེར་ཨིན་པས།
ད་ལས་ཕར་ རྒྱལ་ཁབ་ནང་ ལྷ་ཁང་དང་ མཆོད་རྟེན་ཚུ་ ག་ཐོབ་སྦེ་ བཞེངས་མ་ཆོག་པའི་ ཁྲིམས་ལུགས་ཚུ་ བརྩམ་དགོ་པའི་གྲོས་བསྟུན་འབད་ཡོདཔ་ད་ སྲོལ་འཛིན་འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ སྒེར་སྡེ་གིས་ བཞེངས་ཆོགཔ་དང་མ་ཆོགཔ་ གལ་སྲིད་ བཞེངས་ཆོག་པ་ཅིན་ དེ་ལུ་ གཞུང་ལས་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ གནང་ནི་ཨིན་ནའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ ནང་སྲིད་བློན་པོ་གིས་ རང་སོའི་ རྫོང་ཁག་ཚུ་ནང་ སྔར་སྲོལ་བཟང་པོའི་ ཞབས་ཁྲ་དང་ འཆམ་མ་འདྲཝ་ཚུ་ སྲོལ་འཛིན་འགོ་དཔོན་ཚུ་གིས་ ཞིབ་འཚོལ་འབད་དེ་ རྫོང་ཁག་ཚུ་ནང་ གཞི་བཙུགས་འབད་དགོཔ་མ་ཚད་ རང་སོའི་རྫོང་ཁག་ནང་ ལྷ་ཁང་དང་ མཆོད་རྟེན་ག་དེམ་ཅིག་ཡོདཔ་ཨིན་ན་དང་ ནང་རྟེན་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ དེ་ལས་ རྙིངམ་དང་གསརཔ་ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་དགོཔ་ཨིན་རུང་ སྲོལ་འཛིན་འགོ་དཔོན་ཚུ་གིས་ མ་ཤེས་མི་ལུ་ལྟཝ་ད་ ལཱ་མ་འབད་བས་ཟེར་གསུངས་ཡི།
སྒྲིགས་ལམ་གཙོ་འཛིན་འགོ་དཔོན་ འཇིགས་མེད་འོད་ཟེར་གྱིས་ ད་རེས་ནངས་པ་ རྟེན་འབྲེལ་བརྩི་ས་དང་ ཞལ་འཛོམས་འཚོགས་པའི་སྐབས་ རྒྱལ་གཞུང་འཆམ་དང་ཟློས་གར་ལས་མེན་པའི་ སྒེར་སྡེའི་སྤྲོ་ཁང་ཚུ་གིས་ སྒྲིགས་ལམ་ལུ་མ་གནས་པའི་ གྱོན་ཆས་ཚུ་གྱོན་ཏེ་ སྤྱན་འབུལ་ཕུལ་མ་ཆོག་པའི་ཁར་ དེ་ཚུ་ ཉེས་ཁྲིམས་བཀལ་དགོ་པའི་སྙན་ཞུ་ཕུལ་ཡི།
ཁོ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཞལ་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ སྔོན་བྱོན་རྒྱལ་བ་གོངམ་ དེ་ལས་ མི་དབང་རིམ་བྱོན་ཚུ་གིས་ རྩིས་སྤྲོད་གནང་བའི་ སྔར་སྲོལ་ལམ་ལུགས་ཚུ་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་ སྲོལ་འཛིན་འགོ་དཔོན་ཚུ་གིས་ བདག་འཛིན་འཐབ་སྟེ་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment