གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་པའི་ཆོས་དང་འབྲེལ་བའི་ བསང་རྫས་དང་ བདུག་སྤོས་ཀྱི་རྒྱབ་ཁུངས།


བསམ་གཏན་ཡེ་ཤེས།

འབྲུག་རྒྱལ་ཁབ་ནང་ ནང་པ་སངས་རྒྱས་པའི་ཆོས་དང་མཐུན་པའི་ ལམ་སྲོལ་དར་ཁྱབ་ཆེ་ཤོས་དང་ ལག་ལེན་རྒྱ་ཆེ་དྲགས་ཡོད་མི་ཅིག་ དུས་རྒྱུན་དུ་ བསང་གཏང་ནི་དེ་ཨིན་པས།

འབྲུག་ལུ་ བསང་གྱི་ལག་ལེན་དང་ ལམ་སྲོལ་བྱུང་ཚུལ་དེ་ཡང་ ཡོངས་གྲགས་ཅན་ཅིག་ཨིན་མི་ སྤོས་བཟོ་གནག་མདོག་གིས་ སླབ་མིའི་ནང་ ནང་པའི་ལུགས་ཀྱི་ བསང་ཀྱི་ལག་ལེན་དང་ལམ་སྲོལ་དེ་ འགོ་དང་པ་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པ་གིས་ ནང་པའི་ཆོས་ཀྱི་བསྟན་པ་ འགོ་བཙུགས་པའི་སྐབས་ལས་ར་ སྡོད་ནུག་ཟེར་ཨིནམ་ད་ དེ་ལས་ཚུར་ ནང་པའི་ཆོས་དེ་ རྒྱ་གར་ལས་བོད་ལུ་དར་ བོད་ལས་ འབྲུག་ལུ་དརཝ་དང་འབྲེལ་ ནང་པ་སངས་རྒྱས་པའི་ ཆོས་དང་འབྲེལ་བའི་ ལམ་དང་ལུགས་སྲོལ་ཚུ་ཡང་ དེ་དང་གཅིག་ཁར་ དར་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ བསང་དང་སྤོས་ཕུལ་སྲོལ་གྱི་ལམ་ལུགས་དེ་ ནང་པ་ཆོས་ཀྱི་སྲོལ་ཡོད་མི་ རྒྱ་ནག་དང་ རྒྱ་གར་ ཇ་པཱན་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ཡང་ བསང་དང་སྤོས་ཀྱི་རིགས་ ཧ་ལམ་གཅིག་མཚུངས་ཡོདཔ་མ་ཚད་ གཞན་ཕྱི་ནང་གི་ཆོས་ལུགས་ ག་ཅིའི་ནང་ཡང་ བསང་དང་སྤོས་ཀྱི་ ལག་ལེན་ལམ་སྲོལ་ཡོདཔ་ལས་ བསང་ལག་ལེན་གྱི་ ཁུངས་དང་དགོས་པ་མ་འདྲ་རུང་ ལག་ལེན་མ་འཐབ་མི་ མིན་འདུག་ཟེར་ཨིན་པས།
ནང་པའི་ལམ་སྲོལ་བསྟར་གྱི་ བསང་དང་སྤོས་ཀྱི་མཆོད་པ་དེ་ མདོ་ཕལ་པོ་ཆེ་གི་ནང་ལུ་ བསང་དང་སྤོས་ཀྱི་ མཆོད་པའི་ཁུངས་དང་དགོས་པ་ཚུ་ གསུངས་ཡོད་མི་དང་འཁྲིལཝ་ད་ ཡར་དཀོན་མཆོག་ལུ་མཆོད་པའི་དབྱེ་བ་ མེ་ཏོག་དང་ མར་མེ་ བདུག་སྤོས་ཚུ་ ཡོད་པའི་ནང་ལས་ བདུག་སྤོས་ལས་བྱུང་བའི་ དྲི་ཞིམ་སྤོས་ཀྱི་ བདུག་པ་སྣ་ཚོགས་ཀྱིས་ ཞིང་ཁམས་ག་ར་ལུ་ཁྱབ་སྟེ་ བདག་ཉིད་ཆེན་པོ་ རྒྱལ་བ་སྲས་དང་བཅས་པ་ག་ར་ལུ་ སྟབས་གཅིག་ཁར་ མཆོད་པ་ཕུལ་ཚུགས་པའི་ མཆོད་རྫས་ཁྱད་པར་ཅན་ཅིག་ཨིན་ཟེར་ཨིན་པས།
དེ་ཡང་ མཆོད་ཡོན་དེ་ མགྲོན་༤ ཆ་མཉམ་ལུ་ཁྱབ་པའི་ མཆོད་ཡོན་ཨིན་མི་དེ་ཡང་ དཀོན་མཆོག་སྲི་ཞུའི་མགྲོན་ སངས་རྒྱས་ཆོས་དང་ དགེ་འདུན་ཚུ་ལུ་ ཕུལ་རུང་བའི་ མཆོན་ཡོན་ཅིག་ཨིནམ་མ་ཚད་ དེ་ལས་ མགོན་པོ་ཡོན་ཏན་གྱི་མགྲོན་ བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་ཚུ་ལུ་ཕུལ་ནི་དང་ འགྲོ་དྲུག་སྙིང་རྗེའི་མགྲོན་ཟེར་ འགྲོ་དྲུག་གི་སེམས་ཅན་ ག་ཅི་ལུ་འབད་རུང་ བསང་དང་གསུར་གྱི་འདོད་པ་འཚིམས་ཚུགས་པའི་ཁར་ གདོན་བགེགས་ལན་ཆགས་ཀྱི་མགྲོན་ཟེར་ མིག་གིས་མ་མཐོང་བའི་ དྲི་བཟའི་གདོན་བགེགས་ཚུ་ལུ་ དྲིའི་རྫས་ཀྱི་སྦྱིན་པ་གཏང་སྟེ་ གནོད་པ་དང་འཚེ་བ་ཚུ་ ཞི་ཚུགསཔ་ཨིན་ཟེར་ཨིན་པས།
སྤོས་ཟེར་མི་དེ་ཡང་ བསང་གི་རིགས་ལས་ བསང་རྫས་སྣ་ཚོགས་བསྡུ་ཞིནམ་ལས་ ཕྱེ་འཐག་སྟེ་ དུམ་རིལ་ཆུང་ཀུ་བཟོ་ཞིནམ་ལས་ མེ་བཏེག་སྟེ་ བསང་གཏང་ཆོག་ཆོ་བཟོ་ཡོད་མི་ལུ་གོཝ་ཨིན་རུང་ དོན་ལུ་བསང་ར་ཨིན་ཟེར་ སྤོས་བཟོ་གནག་མདོག་གིས་ བཤདཔ་ཨིན་པས།
འབྲུག་ལུ་བསང་གི་ ལག་ལེན་དང་ ལམ་སྲོལ་དར་ཚུལ་དེ་ཡང་ ཁོ་གིས་འབད་བ་ཅིན་ དང་པ་ར་ བོད་བསམ་ཡས་བཞེངས་པའི་སྐབས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ རྒྱལ་བ་སྲས་དང་བཅས་པ་མཆོད་ནི་དང་ ལྷ་སྲིན་འདྲེག་པ་ཅན་གྱི་གནོད་པ་ཚུ་གིས་ མ་ཚུགས་པར་ ཁོང་ལུ་བྱིན་པའི་ཚུལ་དུ་ བསང་དང་གསེར་སྐྱེམས་ཕུལ་བའི་ཉིནམ་ དེ་ལས་ཚུར་ བོད་ལུ་ བསང་གི་ལག་ལེན་ དར་སྤེལ་བྱུང་ནུག་ཟེར་ཨིན་པས།
དེ་ལས་ བོད་ལུ་ བསང་གི་ལག་ལེན་དར་ཁྱབ་སོང་ཞིནམ་ལས་ བོད་ལས་ལྷོ་མོན་ཁ་ཐུག་ལུ་ ནང་པ་སངས་རྒྱས་པའི་ཆོས་ཀྱི་རིང་ལུགས་དར་སྤེལ་སོང་བའི་སྐབས་ དེ་དང་འབྲེལ་བའི་ བསང་མཆོད་ཀྱི་ ལག་ལེན་དང་ལུགས་སྲོལ་ཚུ་ཡང་ དར་ནུག་ཟེར་ཨིན་པས།
བསང་གི་དབྱེ་བ་ལུ་ གསང་སྔགས་བསྟན་པའི་ ལག་ལེན་ཅིག་ཨིནམ་ལས་ བྱ་རྒྱུད་དང་ སྤྱོད་རྒྱུད་ཟེར་༢ ཡོདཔ་ད་ དེ་༢ ལས་ བྱ་རྒྱུད་དེ་ཡང་ ཤ་ཆང་དང་འབྲེལ་བའི་ ཟས་རིགས་ག་ནི་ཡང་མེདཔ་སྦེ་ བཟོ་དོ་ཡོདཔ་ད་ བསང་དང་སྤོས་དེ་ཚུ་ སྒྲིབ་བསང་དང་ ཀླུ་གསང་ རི་བོ་བསང་མཆོད་ཚུ་ ག་ཅིའི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།
དེ་འབདཝ་ད་ སྤྱོད་རྒྱུད་དེ་ནང་ ཤ་ཆང་གི་རྫས་སྣ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ སྒྲོལ་ཆོག་ལ་སོགས་པའི་ དཀར་ཆོག་གི་རིགས་ཚུ་གི་སྐབས་ ལག་ལེན་འཐབ་མ་བཏུབ་པའི་ཁར་ ཀླུ་མཆོད་ནི་དང་ ཀླུ་བསང་དང་ སྒྲིབ་བསང་ཚུ་གི་དོན་ལུ་ ལག་ལེན་འཐབ་མ་བཏུབ་ཨིན་རུང་ ལོ་མཆོད་ལ་སོགས་པའི་ དྲག་པོའི་ཆོ་ག་དང་ ཆོས་སྲུང་ཚུ་གཏང་བའི་སྐབས་ ལག་ལེན་འཐབ་ནི་གི་ སྤོས་དང་བསང་ཁྱད་པར་ཅན་ཅིག་ ཨིན་ཟེར་ཨིན་པས།
སྤོས་བཟོ་གནག་མདོག་གིས་ སླབ་མིའི་ནང་ བསང་རྫས་དང་སྤོས་ཚུ་ རྒྱལ་བའི་གསུང་འབུམ་དང་ མཁས་དབང་ཚུ་གིས་མཛད་པའི་ དེབ་ཚུ་དང་འཁྲིལ་ སྤོས་ཀྱི་བཟོ་ཐངས་དང་ སྨན་སྣ་རྫས་སྣའི་ཁྱད་པར་ སོ་སོ་ལེ་ཤ་ཡོད་མི་ཚུ་ལུ་ གཞིར་བཞག་ཐོག་ལས་ བསང་དང་སྤོས་ཚུ་ བཟོ་དོ་ཡོདཔ་ཨིན་ཟེར་ཨིན་པས།
སྒྲིབ་བསང་དང་ ཀླུ་བསང་ཟེར་བའི་དབྱེ་བ་བཟོ་མི་དེ་ བསང་རྫས་དེ་ཚུ་ཁར་ ཆོ་གའི་བྱིན་གྱིས་བརླབ་སྟེ་ བཟོཝ་མ་གཏོགས་ ལོགས་སུ་ བསང་རྫས་སོ་སོ་སྦེ་ སྒྲིབ་བསང་དང་ཀླུ་བསང་ཟེར་ བཟོ་ནི་ཅིག་མེད་ཟེར་ཨིནམ་ད་ ཁྲོམ་ཁར་ལས་ཀླུ་བསང་དང་ སྒྲིབ་བསང་ཟེར་མི་ཚུ་ ཤ་ཆང་མེད་པའི་ བསང་རྫས་སྣ་བསྡུས་ལས་ བཟོ་བའི་བྱ་རྒྱུད་ཀྱི་ བསང་དང་སྤོས་ཚུ་ཨིན་ཟེར་ཨིན་པས།
བསང་རྫས་ཀྱི་རིགས་ལས་ དཀོན་ཤོས་ར་ བསང་སྣ་བརྒྱ་དང་རྩ་བརྒྱད་ཟེར་མི་དེ་ཨིནམ་ད་ དེ་ནང་ བསང་རྫས་སྨན་སྣ་ དར་སྣ་ གོས་སྣ་ འབྲུ་སྣ་བསྡོམས་ཀྱིས་༡༠༨ ཚང་དགོཔ་ཡོདཔ་ལས་ དེ་ཚུ་ཚང་ཚུགས་པར་ ལཱ་ཁག་ཡོདཔ་ཨིན་ཟེར་ཨིན་པས།
ཆོས་དང་འབྲེལ་བའི་ བསང་གྱི་ལག་ལེན་ཡང་ རྒྱལ་བ་སྲས་དང་བཅས་པ་མཆོད་དེ་ བསོད་ནམས་བསག་ནི་དང་ སྐྱེས་ལྷ་ཡུལ་ཚུ་ལུ་བསང་གི་མཆོད་པ་ཕུལ་བ་ལུ་བརྟེན་ ལྷ་ཚུ་ཐུགས་མཉེས་ཏེ་ ཆར་ཆུ་དུས་སུ་འབབ་སྟེ་ ལོ་ཐོག་ལེགས་ནི་ དེ་ལས་ བསང་གསུར་ཆོ་གའི་ བྱིན་གྱིས་བརླབས་ཏེ་ སྒྲིབ་ལུ་བརྟེན་པའི་ནད་རིགས་དྲག་ཐབས་འབད་ནི་དང་ ཀླུ་མཆོད་དང་ ཀླུའི་གནོད་པ་ལུ་བརྟེན་པའི་ རྨ་ནད་ཚུ་ དྲག་ཐབས་ཀྱི་དོན་ལུ་ ལག་ལེན་འཐབ་ཨིན་པས།
དེ་མ་ཚད་ ཚོང་དཔོན་ཆོས་སྒྲོན་གྱིས་འབད་བ་ཅིན་ མོ་གིས་ ཚོང་ཁང་ནང་ སྐབས་གཅིག་དོན་༢ སྦེ་ དཀོན་ལུ་མཆོད་པ་དང་འབྲེལ་ ཚོང་ཁང་ནང་འོང་མི་ཚུ་ལུ་ དྲི་ཞིམ་ཏོང་ཏོ་སྦེ་ ཧིང་བསང་ས་བཞག་ནིའི་དོན་ལུ་ཡང་ བསང་དང་སྤོས་བཏང་སྟེ་བཞགཔ་ཨིན་ཟེར་ སླབ་དོ་བཟུམ་སྦེ་ ལ་ལུ་གིས་ རང་གི་ཁྱིམ་ནང་ དྲི་ཞིམ་ཏོང་ཏོ་བཞག་ཐབས་ལུ་ཡང་ ལག་ལེན་འཐབ་ཨིན་པས།
དེ་སྦེ་ བསང་དང་སྤོས་ཀྱི་ལག་ལེན་ རྒྱ་ཆེ་དྲགས་ཡོད་པ་ལུ་བརྟེན་ མི་སྡེའི་དོན་ལུ་ འོང་འབབ་ཀྱི་ གོ་སྐབས་ཡོད་པའི་མངོན་གསལ་བྱུང་མི་དེ་ཡང་ ཚོང་ཁང་ཚུ་ནང་ལས་ཕར་ བསང་རྫས་དང་ སྤོས་རིགས་མ་འདྲཝ་ལེ་ཤ་ མཐོང་སྲོལ་ཡོདཔ་མ་ཚད་ རིན་གནས་ཡང་ བསང་རྫས་ཤོག་སྒམ་རེ་ལུ་ དངུལ་ཀྲམ་༢༥ ལས་༦༠ གི་བར་ན་ ཡོདཔ་མ་ཚད་ སྤོས་ཚུ་ཡང་ ཤོག་སྒམ་རེ་ལུ་ གོང་ཚད་ཉུང་ཤོས་ དངུལ་ཀྲམ་༢༥ དང་ མཐོ་ཤོས་དངུལ་ཀྲམ་༡༠༠ ལས་ ལྷག་མི་ཡང་ ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment