གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་མི་ཚུ་ལུ་ ནང་ཁ་ནང་འགྲིགས་འབད་ནིའི་འགན་ཁུར།


ཨ་ཞེ་བསོད་ནམ་བདེ་ཆེན་དབང་ཕྱུག་མཆོག་དང་ བཅའ་མར་གཏོགས་མི་ཚུ།
རིག་འཛིན་དབང་ཕྱུག།

འབྲུག་ལྷོ་མཚམས་དང་ དབུས་ཕྱོགས་རྫོང་ཁག་ བསམ་རྩེ་དང་ རྩི་རང་ དར་དཀར་ནང་ གསར་སྤང་ དེ་ལས་ གཞལམ་སྒང་དང་ ཀྲོང་གསར་ བུམ་ཐང་རྫོང་ཁག་༧ ལས་ དམངས་མི་༧༠ དེ་ཅིག་གིས་ དགེ་ལེགས་ཕུག་ལུ་ ཁ་ཙ་ལས་ འགོ་བཙུགས་མི་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་འབད་དོ་ཡོདཔ་ཨིན་པས།

འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་འབྱེད་གནང་མི་ སྦྱོང་བརྡར་ལས་རིམ་དེ་ རྒྱལ་ཁབ་ཀྱི་ རྒེད་འོག་༢༠༥ གི་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ སྔོན་དང་ཕུ་ལས་ཡོད་པའི་ ནང་ཁ་ནང་འགྲིགས་ཀྱི་ ལམ་སྲོལ་དང་འབྲེལ་བའི་ གནད་དོན་ཚུ་ བསྐྱར་འཛུགས་འབད་ཐབས་ལུ་ཨིན་པས།
ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ བཅའ་མར་གཏོགས་མི་ཚུ་ལུ་ དྲན་གསོ་གནང་མིའི་ནང་ མི་སྡེའི་ནང་ སྟབས་མ་བདེཝ་འཐོནམ་ད་ མི་སེར་གྱིས་ འབྲེལ་བ་འཐབ་ས་དེ་ མི་སྡེའི་འགོ་ཁྲིདཔ་ཚུ་ཨིནམ་ལས་ སྟབས་མ་བདེཝ་དང་ དཀའ་ངལ་ཚུ་འཐོན་པའི་སྐབས་ ནང་ཁ་ནང་འགྲིགས་འབད་དགོ་ཟེར་ཨིནམ་ད་ གཏམ་གྱི་བདེན་རྫུན་ཕྱེ་ནིའི་དོན་ལུ་ ཁྲིམས་ཁང་ནང་འགྱོ་མི་ཆོག་ ཨིན་ཅི་མིན་ཅི་ ནང་ཁ་ནང་འགྲིགས་ཀྱི་ཐོག་ལས་ བསལ་དགོ་ཟེར་ རྩ་ལས་ར་སླབ་མེན་ཟེར་ ཨ་ཞེ་མཆོག་གིས་ གསུངས་པའི་ཁར་ ནང་ཁ་ནང་འགྲིགས་འབད་བ་ཅིན་ མི་སྡེའི་ནང་ ཞི་བདེ་དང་ མཐུན་ལམ་ཚུ་ ལེགས་ཤོམ་སྦེ་ བཞག་ནི་ལུ་ ཕན་ཐོགས་ཚུགས་ཟེར་གསུངས་ནུག།
ནང་ཁ་ནང་འགྲིགས་ཀྱི་སྲོལ་འདི་ ལོག་སྟེ་ར་ སྒྲིང་སྒྲིང་དང་ ཕན་ཐོགས་ཚུགསཔ་ བཟོ་ཚུགས་པ་ཅིན་ དང་པ་ རྒྱལ་ཁབ་ནང་ ཁྲིམས་ཀྱི་རིང་ལུགས་ རྩ་བརྟན་བཟོ་ཚུགས་ནི་དང་ གཉིས་པ་ མི་སེར་ཚུ་གིས་ དྲང་ཁྲིམས་ཀྱི་ཐོབ་དབང་སྤྱོད་ནི་ལུ་ ཕན་ཐོགས་ཡོད་པའི་ཁར་ ལྷག་པར་དུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཁྱད་ཆོས་དང་ ལམ་སྲོལ་བཟང་པོ་ཚུ་ ཉམས་མ་བཅུག་པར་ རྒྱུན་སྐྱོང་ལེགས་ཤོམ་སྦེ་ འཐབ་ཚུགས་ཟེར་ མི་དབང་ཨ་ཞེ་མཆོག་གིས་གསུངས་ནུག།
བདུན་ཕྲག་གཉིས་ཀྱི་རིང་ སྦྱོང་བརྡར་འབདཝ་ད་ དམངས་མི་ཚུ་གིས་ ཕ་མའི་སྐབས་ ནང་ཁ་ནང་འགྲིགས་ཀྱི་ལམ་ལུགས་ཚུ་ ག་དེ་སྦེ་ར་ གནས་ཡོདཔ་ཨིན་ན་དང་ སྐབས་ཅིག་ལས་ ལག་ལེན་འཐབ་མ་ཚུགས་པར་ ལུས་དགོ་པའི་ གནད་དོན་ཚུ་ག་ཅི་ཨིན་ན་ དེ་ལས་ ལག་ལེན་འཐབ་པའི་སྐབས་ དཀའ་ངལ་ཚུ་ ག་དེ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་ན་དང་ ད་ལས་ཕར་ ནང་ཁ་ནང་འགྲིགས་ལས་བརྟེན་པའི་ དཀའ་ངལ་ཚུ་ བསལ་ནི་གི་ ཐབས་ཤེས་ཚུ་བཏོན་ཐོག་ལས་ མི་སྡེའི་ནང་ ཕན་ཐོགས་ཚུགསཔ་ ག་དེ་སྦེ་ བཟོ་ནི་ཨིན་ནའི་སྐོར་ལས་ བསམ་འཆར་ཚུ་ གྲོས་བསྡུར་འབད་ནི་ཨིན་པས།
སྦྱོང་བརྡར་དེ་ ལུང་ཕྱོགས་ཁག་གསུམ་དབྱེ་ཐོག་ལས་ རྒྱལ་འཛིན་ཁྲིམས་དོན་ལས་འགུལ་གྱི་འོག་ལུ་ གཞི་བཙུགས་འབད་ཡོད་མི་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྦྱོང་བརྡར་དང་པ་དེ་ ནུབ་ཕྱོགས་རྫོང་ཁག་༧ གྱི་ དམངས་མི་ཚུ་ལུ་ སྤྱི་ཟླ་༢ པའི་ནང་ སྤུ་ན་ཁ་ལུ་སྦེ་ བྱིན་ཡོདཔ་བཞིན་དུ་ ཤུལ་མའི་སྦྱོང་བརྡར་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment