གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོན་པ་ཚུ་གིས་ ལྟ་བཤལ་པའི་ ཁེ་ཕན་ཚུ་ སྤྱོད་དོ་ཡོདཔ།


ཉི་མ་དབང་འདུས།

༉ ཀྲོང་གསར་རྫོང་ཁག་ ན་སྦྱིས་མི་སྡེའི་སྐྱེ་ལྡན་ལྟ་བཤལ་དེ་ ལོ་ངོ་༤ གི་ཧེ་མར་ འགོ་བཙུགས་ཡོད་མི་དེ་ནང་ མི་སྡེ་ཁག་༢ ཚུད་དེ་ཡོད་མི་ལས་ ཁེངས་པ་དང་ཕྱདཔ་ད་ མོན་པའི་མི་སྡེ་གིས་ དང་ལེན་ལེགས་ཤོམ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་ཡང་ འཛམ་གླིང་རི་དྭགས་སྲུང་སྐྱོབ་ལས་ ཨོ་རྒྱན་རྣམ་རྒྱལ་གྱིས་ ཞིབ་འཚོལ་འབད་ཡོདཔ་ད་ ལྟ་བཤལ་གྱི་དོན་ལུ་ དོས་སྐྱེལ་ནི་དང་ ཁལ་རྟའི་ཞབས་ཏོག་བྱིན་ནིའི་ནང་ མོན་པ་ཚུ་གིས་ ལེགས་ཤོམ་སྦེ་ འབྲེལ་གཏོགས་འབད་ནུག་ཟེར་ཨིན་པས།
བཟའ་ཚང་ནང་མི་ ལེ་ཤ་མེད་མི་ མོན་པའི་ཁྱིམ་གུང་དག་པ་ཅིག་གིས་ གོ་སྐབས་དེ་ ལེན་མ་ཚུགས་པར་ ལུས་ཡོད་རུང་ མང་ཤོས་ཅིག་གིས་ ལྟ་བཤལཔ་ཚུ་ལུ་ ཁྱོསམ་དང་འབྲེལ་བའི་ ཅ་ཆས་གཞན་ཚུ་ བཙོང་མི་ལུ་བརྟེན་ འོང་འབབ་ཐེབས་བཟོ་ཚུགས་ཡོདཔ་ཨིན་པས།
ཁེངས་ཀྱི་མི་སྡེའི་ཐད་ལུ་ལྷོདཔ་ད་ ལྟ་བཤལཔ་ཚུ་ལུ་ དོས་སྐྱེལ་འདྲེན་དང་ ཁལ་རྟའི་ཞབས་ཏོག་བྱིན་ནི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མར་བབས་སོང་ཡོདཔ་ད་ ས་གནས་ནང་ རྟ་ཡོད་མི་ཚུ་གིས་ ལྟ་བཤལཔ་ཚུ་དང་ཕྱདཔ་ད་ ཞི་གཡོགཔ་ཚུ་ལུ་ གཙོ་རིམ་བྱིན་དོ་ཡོད་མི་དེ་ཡང་ ལྟ་བཤལཔ་ཚུ་གི་ ཁུར་ཆ་སྐྱེལ་འདྲེན་འབག་བའི་སྐབས་ འབབ་ཁུངས་ལས་ བརྒྱ་ཆ་༡༠ མི་སྡེ་གོང་འཕེལ་མ་དངུལ་ནང་ བཙུག་དགོ་མི་ལུ་བརྟེན་ཨིནམ་སྦེ་ ཞིབ་འཚོལ་ནང་ གསལ་བཀོད་འབད་ནུག།
དེ་མ་ཚད་ སྐོར་ཕུག་གི་ ཁེངས་པ་མི་སྡེའི་ནང་ མོན་པ་མི་སྡེ་དང་ཕྱདཔ་ད་ ལྟ་བཤལཔ་ཚུ་གིས་ སྤྲོ་བ་བསྐྱེད་མི་ ལམ་སྲོལ་གྱི་ལས་རིམ་ཚུ་ཡང་ ཉུང་པའི་ཁར་ ས་ཆའི་ཆགས་ཚུལ་ཚུ་ཡང་ སྒོ་དོག་དྲགས་ཡོད་མི་ལུ་བརྟེན་ ལྟ་བཤལཔ་ཚུ་ མི་འོང་དོ་ཡོདཔ་ཨིན་པས། 
དེ་བཟུམ་སྦེ་ མི་སྡེ་༢ ཀྱི་བར་ན་ གུང་པ་རེའི་ འབབ་ཁུངས་ཀྱི་ ཐད་ལས་འབད་རུང་ ཁྱད་པར་སྦོམ་ཡོདཔ་ད་ མོན་པ་མི་སྡེའི་ནང་འབད་བ་ཅིན་ ཞིབ་འཚོལ་གྱི་སྐབས་ འབྲེལ་གཏོགས་འབད་མི་ ཁྱིམ་གུང་གྲངས་བརྒྱ་ཆ་༥༠ གིས་ ཧེ་མར་ ཚར་དང་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ལུ་བརྟེན་ སྡོད་ཡོདཔ་ཨིན་རུང་ ད་རེས་ ལྟ་བཤལ་དེ་ འབབ་ཁུངས་ཀྱི་ འབྱུང་གནས་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་པས།
ཁེངས་པ་མི་སྡེའི་ནང་ འབབ་ཁུངས་ཀྱི་ ཐབས་ལམ་གཞན་ ལེ་ཤ་ཡོདཔ་ལས་ ལྟ་བཤལ་ལས་བརྟེན་པའི་ འབབ་ཁུངས་གཙོ་ཅན་སྦེ་བརྩི་མི་ ཁྱིམ་གུང་༡༤ དེ་ཅིག་ལས་ མེདཔ་ཨིན་པས།
ཨིན་རུང་ ཨོ་རྒྱན་རྣམ་རྒྱལ་གྱིས་འབད་བ་ཅིན་ ཁོ་གིས་ ཞིབ་འཚོལ་འབད་བའི་སྐབས་ མི་སྡེ་༢ ཆ་ར་གིས་ ལྟ་བཤལ་ལས་བརྟེན་ཏེ་ཐོབ་པའི་ འོང་འབབ་ཚུ་ རང་སོའི་ཁྱིམ་ནང་ བཟའ་འཐུང་གི་རིགས་མཁོ་སྒྲུབ་འབད་ནི་དང་ ཨ་ལུ་ཚུ་ སློབ་གྲྭ་ནང་གཏང་ནི་ དེ་ལས་ བཀབ་གོ་ཉོ་ནི་ཚུ་གི་དོན་ལུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
ཁོ་གི་ ཞིབ་འཚོལ་གྱི་ གྲུབ་འབྲས་དང་འཁྲིལཝ་ད་ ན་སྦྱིས་ཀྱི་ ལྟ་བཤལ་ལམ་བདའ་སྟེ་ ལྟ་བཤལ་འཛིན་སྐྱོང་གི་ དཀའ་ངལ་སྦོམ་ཡོད་མི་དེ་ཡང་ མི་སྡེའི་ལྟ་བཤལ་འཛིན་སྐྱོང་ཚོགས་པའི་ནང་ འཐུས་མི་སྒྲིང་སྒྲིང་མེད་པའི་ཁར་ ཁ་གཏོར་ཏེ་ཡོད་མི་ མི་སེར་ཚུ་ལས་ ཚོགས་པ་གིས་ མི་སྡེ་གོང་འཕེལ་མ་དངུལ་ སྒེར་སྤྱོད་འབད་མི་ལུ་བརྟེན་ བློ་གཏད་མེདཔ་མ་ཚད་ དོས་འབག་མི་དང་ རྟ་ཚུ་ལུ་ གླ་ཆ་འདྲ་མཉམ་མེད་པའི་ དཀའ་ངལ་དང་ ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་ གླ་ཆ་ཚུ་ དུས་ཚོད་ཁར་ མ་བྱིན་པའི་ དཀའ་ངལ་ཚུ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་སྒོ་ཚུ་ནང་ཡོད་མི་ མི་སྡེའི་ལྟ་བཤལ་འཛིན་སྐྱོང་ཚོགས་པ་ཚུ་གིས་ དཀའ་ངལ་སེལ་ནི་གི་ ཐབས་ལམ་ཚུ་ བཏོན་ཡོདཔ་ཨིན་རུང་ མང་ཤོས་ཅིག་ བསལ་མ་ཚུགས་པར་ དེ་སྦེ་ར་ ལུས་ཏེ་ཡོདཔ་ལས་ མི་ཚུ་གིས་ འཛིན་སྐྱོང་དེ་ སྐྱོ་དྲགས་ཅིག་སྦེ་འདུག་ཟེར་ སླབ་ཡོད་པའི་གནས་ཚུལ། 

No comments:

Post a Comment