གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བླ་སློབ་དང་ མཚམས་པ་ཚུ་གི་ ཚིག་འགྲེལ་དྭངས་གསལ་མེདཔ།


ལྷ་ཁང་དང་ མཆོད་རྟེན་གསར་བཞེངས་འབད་ནི་ཚུ་ དམ་འཛིན་འབད་ནིའི་ གྲོས་འཆར་ལུ་ ཆོས་སྡེའི་གཙོ་འཛིན་ཚུ་ལས་ རྒྱབ་སྐྱོར་མེདཔ།
ཐིམ་ཕུ་ལུ་ ཉིནམ་༢ ཀྱི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་
 ཆོས་སྡེའི་གཙོ་འཛིན་ཚུ།
བསྟན་འཛིན་རྣམ་རྒྱལ།

འབྲུག་ལུ་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ ཡུལ་ལུ་གནས་དགོ་པའི་ཁར་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མ་ཆོག་མི་དེ་ འགྲོ་བ་མིའི་ གཞི་རྟེན་ཐོབ་དབང་ལུ་ བརྩི་མཐོང་དང་ གུས་ཞབས་མེདཔ་བཟུམ་སྦེ་  མཐོངམ་མས་ཟེར་ ཁ་ཙ་ ཐིམ་ཕུ་ལུ་ རྒྱལ་ཡོངས་ཆོས་སྡེའི་ གཙོ་འཛིན་གྱི་ ཞལ་འཛོམས་ཐེངས་དང་པ་ འཚོགས་གནང་པའི་སྐབས་ ཆོས་སྡེའི་གཙོ་འཛིན་ཚུ་གིས་ བསམ་འཆར་བཀོད་ཅི།

དེ་ཡང་ ཆོས་སྒོར་བཞུགས་མི་ བླམ་དང་སྤུལ་སྐུ་ མཁན་པོ་ སྒོམ་ཆེན་ མཚམས་པ་ ཨ་ནེམོ་ དགེ་སློང་ལ་སོགས་ཚུ་གི་ ངེས་ཚིག་ཁ་གསལ་འབད་མེད་མི་ལུ་བརྟེན་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་མ་ཐོབ་མི་ལུ་ གཞི་བཞག་སྟེ་ གསུང་གྲོས་གནང་ཡི།
ཞལ་འཛོམས་ཀྱི་སྐབས་ལུ་ ཆོས་སྡེ་ལྷན་ཚོགས་ཀྱིས་བཟོ་མི་ ངེས་ཚིག་ཚུ་དང་འཁྲིལ་བ་ཅིན་ གྲྭ་ཚང་དང་དགོན་སྡེ་ ལྷ་ཁང་ཚུ་ནང་མཚན་ཐོ་ཡོད་མི་ཚུ་དང་ གཞུང་ལས་ལྟོ་ཕོགས་ དེ་ལས་ འཐུས་ཐོབ་མི་ཚུ་ ཆོས་སྒོར་ཞུགས་མིའི་གྲངས་སུ་ ཚུད་ཡོད་རུང་ ལ་ལུ་ཁ་གསལ་མེདཔ་ལས་ དག་བཅོས་འབད་ནི་སྦེ་ གྲོས་ཐག་བཅད་ཅི།
སློབ་དཔོན་ངག་དབང་ཐེག་མཆོག་གིས་ སླབ་མིའི་ནང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་མ་ཆོགཔ་རུང་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་གནང་དགོཔ་འདུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་དེ་ ནང་པའི་བསྟན་པ་འཛིན་མི་ རྒྱལ་ཁབ་གཞན་ཚུ་ནང་ཡང་ཡོདཔ་ལས་ ཚོགས་རྒྱན་བཙུག་ནིའི་ དབང་ཚད་ཡང་ མ་བྱིན་པ་ཅིན་ ཁོང་ཆ་ཁྱབ་ འབྲུག་པའི་མི་ཁུངས་ཨིན་པའི་ ངོ་རྟགས་ཡང་ མེདཔ་བཟུམ་མཐོངམ་མས་ཟེར་ཨིན་པས།
ཆོས་སྡེའི་ཁྲི་འཛིན་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ ཆོས་སྒོར་བཞུགས་མི་ཚུ་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་གི་ གོ་སྐབས་བྱིན་པ་ཅིན་ རྒྱལ་ཁབ་ཀྱི་ ཞི་བདེ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པ་ རྒྱལ་ཁབ་མང་ཤོས་ཅིག་ནང་ དམག་འཁྲུག་ལང་མིའི་ རྒྱུ་རྐྱེན་ངོ་མ་ཅིག་ ཆོས་ལས་བརྟེན་ཨིནམ་ལས་ ཆོས་དང་སྲིད་གཉིས་ སླ་བསྲེས་པ་ཅིན་ བྱ་སྟབས་མ་བདེཝ་འཐོན་ནི་ཨིནམ་མ་ཚད་ ཆོས་སྡེ་ཚུ་ཡང་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ལུ་ འགྱུར་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
གཙོ་འཛིན་ཚུ་གིས་འབད་བ་ཅིན་ ཆོས་སྒོར་ཞུགས་མི་ཚུ་གི་ ངེས་ཚིག་དེ་ ཁ་གསལ་མེད་པའི་ཁར་ ཆོས་དང་འབྲེལ་བའི་ དོན་དག་བཏོན་མ་ཚུགསཔ་ལས་ ངེས་ཚིག་བཟོཝ་ད་ ཐུགས་བཞེས་གནང་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ ནང་སྲིད་བློན་པོ་གིས་འབད་བ་ཅིན་ ངེས་ཚིག་གི་ གོ་དོན་དེ་ བཙག་འཐུ་དང་ འབྲེལ་བ་ཡོདཔ་ལས་ ཆོས་ཀྱི་གོ་དོན་ ལེགས་ཤོམ་སྦེ་ གསལ་བཀོད་འབད་དགོཔ་འདུག་ཟེར་ཨིན་པས།
ཞལ་འཛོམས་འགོ་འབྱེད་གནང་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ ད་རེས་ནངས་པ་ འཛམ་གླིང་གྱི་ དཔལ་འབྱོར་ཉམས་འགྱོ་མི་དང་ དམག་འཁྲུག་ལང་མི་ དེ་ལས་ འབྱུང་བ་༤ འི་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ མི་དང་ སེམས་ཅན་འབུམ་ལས་ བཅད་ཤི་མི་དེ་ རང་གི་རྒྱུད་ལུ་ཡོད་པའི་ སྡུག་༣ ལུ་བརྟེན་ཨིནམ་ལས་ དེ་ཚུ་ ཞི་ཚུགས་པ་ཅིན་ རྐྱེན་ངན་འབྱུང་ནི་གི་ ཡུལ་རང་མེད་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་ཞི་བདེའི་ཐོག་ལུ་ བཞག་ནི་གི་ འགན་ཁག་དེ་ གཞུང་དང་ཕྱདཔ་ད་ དཔྱ་༣ ལས་ དཔྱ་༢ ཆོས་སྡེ་ལུ་ ཕོག་མི་དེ་ཡང་ ལུས་དང་དཔལ་འབྱོར་གནས་སྟངས་ བདེ་ཏོག་ཏོ་བཞག་ནིའི་འགན་ཁག་ གཞུང་ལུ་ཕོགཔ་རུང་ བདེ་བ་ནང་ལས་ ཁག་ཆེ་ཤོས་ཨིན་མི་ སེམས་ཀྱི་བདེ་བ་ ཐོབ་ཐབས་དེ་ ཆོས་སྒོར་ཞུགས་མི་ཚུ་ལུ་ཕོགཔ་ལས་ རྒྱལ་ཁབ་བདེ་སྐྱིད་ལུ་ གནས་ཐབས་ལུ་ ཕྱག་འགན་བཞེས་དགོ་ཟེར་གསུངས་ཡི།
དེ་ལས་ རྒྱལ་ཁབ་ནང་ ལྷ་ཁང་དང་དགོན་སྡེ་ དེ་ལས་ མཆོད་རྟེན་གསརཔ་བཞེངས་ནི་དེ་ ཚད་འཛིན་འབད་དགོཔ་འདུག་ཟེར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུུངས་མི་ལུ་ གཙོ་འཛིན་མང་ཤོས་ཅིག་ལུ་ ཐུགས་ཕམ་བྱུང་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ ཤར་ཕྱོགས་རྫོང་ཁག་༦ ནང་ ས་ཡོམ་གྱིས་ ལྷ་ཁང་དང་ མཆོད་རྟེན་༢༦༥ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་མི་ཚུ་ ཉམས་གསོ་ཞུ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༣༤ ལྷགཔ་ཅིག་ གནས་མི་ལུ་ བལྟ་བ་ཅིན་ ལྷ་ཁང་བཞེངས་པའི་སྐབས་ ཕྱིའི་རྒྱལ་ཁབ་ལས་ གྲོགས་རམ་འབད་མི་དང་ རྒྱལ་ཁབ་ནང་འཁོད་ཀྱི་ རྒྱབ་སྐྱོར་ཐོག་ལས་བཞེངས་ཡོད་རུང་ ཉམས་གསོ་ཞུཝ་ད་ གཞུང་གིས་ འབད་དགོ་པས་ཟེར་ཨིན་པས།
ད་རུང་ སྤྱི་ལོ་༢༠༡༡ ཟླཝ་༩ པའི་ནང་ ས་ཡོམ་རྐྱབ་མི་དེ་གིས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ལྷ་ཁང་དང་ མཆོད་རྟེན་༢༨༥ ལྷགཔ་ཅིག་ མེདཔ་བཏང་མི་ཚུ་ ཉམས་གསོའི་དོན་ལས་ ཟད་འགྲོ་སྦོམ་གནས་ནི་ཨིན་རུང་ དེ་གི་སྐོར་ལས་ རྩིས་ཁྲ་ཐོབ་མ་ཚུགས།
བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ འཇམ་དཔའ་ཎི་གྲྭ་ཚང་གི་དབུ་འཛིན་ པདྨ་ཨྱོན་རྣམ་གྲོལ་གྱིས་འབད་བ་ཅིན་ དགོན་སྡེ་དང་ ལྷ་ཁང་ མཆོད་རྟེན་གསརཔ་བཞེངས་ནི་ལུ་ བཀག་འཛིན་འབད་བ་ཅིན་ ཆོས་ལུགས་གཞན་ ཡར་རྒྱས་གཏང་ནི་གི་ གོ་སྐབས་གནང་དོ་བཟུམ་མཐོང་མི་དེ་ཡང་ དགོན་པ་དང་ ལྷ་ཁང་མང་རབས་ཅིག་ ཡོད་པ་ཅིན་ ནང་པའི་བསྟན་པ་རང་བཞིན་གྱིས་ར་ དར་ཁྱབ་འགྱོ་ནི་ཨིནམ་ལས་ ཐུགས་ཚ་གྱང་བཞེས་ནི་མི་འོང་ཟེར་ཨིན་པས།
བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཅིག་གིས་ སླབ་མིའི་ནང་ ལྷ་ཁང་དགོན་སྡེ་དང་ མཆོད་རྟེན་ཚུ་ལུ་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ ཉམས་སྐྱོན་ཞུགས་མི་དེ་ མི་རྟག་པ་རང་བཞིན་ཨིནམ་ལས་ དེ་གི་ཚབ་ལུ་ གསར་བཞེངས་ཐོག་ ས་ཆུ་བྱིན་གྱིས་རླབས་དགོ་ཟེར་ཨིནམ་ད་ དེ་མིན་ འབྱུང་བ་༤ འཁྲུགས་ཏེ་ ཞི་བདེ་ལུ་ གནོད་སྐྱོན་རྐྱབ་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
མང་ཤོས་ཅིག་གིས་ སླབ་མིའི་ནང་ མཐའ་ཟུར་གྱི་ རྫོང་ཁག་ཚུ་ནང་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ ལྷ་ཁང་དང་ དགོན་སྡེ་ཚུ་བཞེངས་ནི་མེད་པའི་ཁར་ མི་སྡེ་དང་ སྒེར་གྱིས་བཞེངས་མི་ལུ་ བཀག་ཆ་འབད་བ་ཅིན་ ནང་པའི་ཆོས་གོང་འཕེལ་གཏང་ནི་ལུ་ བར་རྐྱེན་རྐྱབ་དོ་བཟུམ་མའི་ ཚོར་སྣང་འབྱུངམ་མས་ཟེར་ཨིན་པས།
དེ་ལས་ གནད་དོན་གཞན་ དཔེར་ན་ འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་ བརྩམས་དགོ་པའི་ཁུངས་དང་ བྱ་བའི་གནད་སྤྱོད་ ཆོས་སྡེ་ལྷན་ཚོགས་ཀྱི་ འཐུས་མི་ཚུ་གི་སྐོར་ ཆོས་སྡེའི་གཙོ་འཛིན་ཚུ་ལུ་ གསལ་བཤད་འབད་ཡོདཔ་ད་ ད་རིས་ ཆོས་སྡེ་ཁག་གི་ ལོ་བསྟར་རྩིས་ཁྲ་ཚུ་ གཞུང་ལུ་ ཕུལ་དགོ་པའི་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་ནི་ དེ་ལས་ ཆོས་སྒོར་བཞུགས་མི་ཚུ་གིས་ ཆོས་སྡེ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་བའི་ ཁེ་ཕན་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ནི་ཨིན་པས།
ཞལ་འཛོམས་ནང་ ཆོས་སྡེའི་བླམ་དང་སྤྲུལ་སྐུ་ མཁན་པོ་ དེ་ལས་ གཙོ་འཛིན་༡༥༧ གྱིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ ཁོང་ག་ར་ གཞུང་གྲྭ་ཚང་གི་ མངའ་འོག་ཚུ་ མ་ཚུད་ནི་དེ་གིས་ ཆོས་སྡེ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ཚུ་ཨིན་པའི་གནས་ཚུལ།


No comments:

Post a Comment