གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གི་ མཉམ་འབྲེལ་གྲོས་འཛོམས།

༣༠/༣/༢༠༡༣  ༉ ཁ་ཙ་ འབྲུག་གི་སྲིད་ཚོགས་གསརཔ་༣ གྱི་ གཙོ་འཛིན་དང་ གཙོ་འཛིན་འོག་མ་ དེ་ལས་ ཚོགས་པ་དེ་ཚུའི་ འཐུས་མི་སྡེ་ཚན་ཅིག་གིས་ གཞུང་སྐྱོང་ཚོགས་པའི་གཙོ་འཛིན་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་གཅིག་ཁར་ མཉམ་འབྲེལ་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ འཛམ་གླིང་ནང་ སྲིད་ཚོགས་ཀྱི་ དབུ་ཁྲིད་ཚུ་གི་དོན་ལུ་ མིག་དཔེ་བཟང་པོ་ཅིག་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ སྲིད་ཚོགས་གསརཔ་ཚུ་གི་ གཙོ་འཛིན་དང་འཐུས་མི་ཚུ།


བྱང་སྟོར་ཤོར་མི་བུཚ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་འཚོལ་བའི་བསྒང་ཡོདཔ།

༣༠/༣/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུའི་ ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་༡༣ ལང་མི་བུཚ་ཅིག་ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ཐོབ་ཡོདཔ་ལས་ ད་རེས་ནངས་པ་ ཁྲིམས་སྲུང་འགག་སྡེའི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱི་ ཡིག་ཚང་ནང་ ཧེ་མའི་ཡིག་ཆ་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།

ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་ཡོདཔ།

༣༠/༣/༢༠༡༣    ༉ སྤྱི་ཟླ་༣ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ མོང་སྒར་རྫོང་ཁག་ བ་ལམ་རྒེད་འོག་ བྱ་དུང་གཡུས་ཚན་ལས་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཁྱིམ་ཐོག་གི་ གནམ་སྤང་གུ་ལས་དཔྱངས་ཏེ་ རང་སྲོག་བཅད་ཡོདཔ་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ རྒྱུ་དངོས་བྱུང་ཁུངས་ཀྱི་ ལག་ཁྱེར་ སྤྲོད་ཆོག་པའི་ཞུ་བ།

༣༠/༣/༢༠༡༣   ༉ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ ལཱ་འབད་དགོཔ་ ལེ་ཤ་ཅིག་ཡོདཔ་ཨིན་རུང་ མཐུན་རྐྱེན་ ལང་མ་ཚུགས་པའི་ དཀའ་ངལ་སྦོམ་ར་ ཐོན་དོ་ཡོདཔ་ལས་ རྒྱུ་དངོས་བྱུང་སའི་ལག་ཁྱེར་སྤྲོད་ནིའི་དབང་ཆ་དེ་ ཚོགས་སྡེ་ལུ་གནང་པ་ཅིན་ དེ་གིས་ ཕན་ཐོགས་འབྱུང་ནི་མས་ཟེར་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་འཚོགས་མི་ སྒེར་སྡེ་གོང་འཕེལ་ཞལ་འཛོམས་སྐབས་ ཚོགས་སྡེའི་འཐུས་མི་ཅིག་གིས་ཞུ་ཡི།

བརྡ་བརྒྱུད་ལས་ཁང་ འགོ་འབྱེད་འབད་ཡོདཔ།

༣༠/༣/༢༠༡༣   ༉ ཁ་ཙ་ འབྲུག་དམངས་གཙོ་དང་ བརྡ་བརྒྱུད་ལྟེ་བ་གིས་ འགོ་དང་པ་ཨིན་མི་ བརྡ་བརྒྱུད་ལས་ཁང་ཅིག་ ན་གཞོན་དཔལ་རི་ལུ་སྦེ་ སྒོ་འབྱེད་འབད་མི་དང་འབྲེལ་ ལས་ཁང་གི་དོན་ལུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ཚུ་ལུ་ ཤོག་འཛིན་ཚུ་ཡང་ བཀྲམ་ཡོདཔ་ཨིན།
སློབ་ཕྲུག་ཚུ་གིས་ འཐུས་མི་ནང་ འཛུལ་ཞུགས་ཀྱི་ འབྲི་ཤོག་བཀང་པའི་བསྒང་།

བཙོག་མཛོད་སྨན་བཅོས་ཁང་གསརཔ་༢༠༡༨ ལུ་བསྒྲུབ་ནི།

༣༠/༣/༢༠༡༣  ༉ ཐིམ་ཕུ་ བར་སྦིས་སའི་ བཙོག་མཛོད་སྨན་བཅོས་ཁང་རྙིངམ་གི་ ཉེ་འདབས་ཀྱི་ ས་གནས་ནང་སྡོད་མི་ཚུ་དང་ སྒྲིང་ཁྱིམ་གསརཔ་ བཟོ་སྐྲུན་འབད་མི་ཚུ་གི་དོན་ལུ་ ཨ་དྲི་གྱིས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ བཙོག་མཛོད་སྨན་བཅོས་ཁང་གི་ ལས་འགུལ་གསརཔ་དེ་ སྤྱི་ལོ་༢༠༡༨ ལུ་ རྐྱངམ་གཅིག་ བསྒྲུབ་ཚུགས་ནི་ཨིན་པས།

མགར་ས་རྫོང་གི་ ཉམས་གསོའི་ལཱ་མཇུག་བསྡུ་ཡོདཔ།

༣༠/༣/༢༠༡༣ ༉ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཁ་ཐུག་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གདན་ས་བཅགས་གནང་མི་ མགར་ས་བཀྲིས་མཐོང་སྨན་རྫོང་དེ་ སྤྱི་ལོ་༢༠༠༨ ཟླ་༡ པའི་ཚེས་༢༢ ལུ་ མེ་མཆོད་བཞེས་དེ་ ལོ་༢ ཀྱི་ཤུལ་ལས་ ཉམས་གསོའི་ལཱ་ འགོ་བཙུགས་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།
མེ་མཆོད་བཞེས་པའི་ཤུལ་ལུ་ ཉམས་གསོ་ཞུ་ཚར་མི་མགར་ས་རྫོང་།

ཡོངས་འབྲེལ་ཐོག་ལས་ ཆོག་ཐམ་སྤྲོད་ནིའི་ལམ་ལུགས་ཀྱིས་ དཀའ་ངལ་མར་ཕབ་རྐྱབ་ཚུགས་ནི།

༣༠/༣/༢༠༡༣   ༉ གཞུང་ལས་ཚོང་པ་ཟེར་མི་ ཡོངས་འབྲེལ་འཆར་སྒོ་དེ་ ད་རེས་ ཧེང་བཀལ་རྒྱ་བསྐྱེད་བཏང་མི་ལུ་བརྟེན་ ཚོང་འབྲེལ་ཁྲིམས་མཐུན་བཟོ་ནིའི་ དཀའ་ངལ་མར་ཕབ་གཏང་ནི་དང་ དྭངས་གསལ་ཡར་དྲག་གཏང་ནི་ དེ་ལས་ ཚོང་པ་ཚུ་ལུ་ ལམ་ལུགས་དང་འཁྲིལ་ ལཱ་འབད་ནིའི་ཟད་འགྲོ་ཚུ་ མར་ཕབ་གཏང་ཚུགས་ཟེར་ འཛམ་གླིང་དངུལ་ཁང་གི་ ཡོངས་འབྲེལ་གཞུང་གི་ མཁས་མཆོག་གོངམ་ ནུ་མ་ ཨེཕི་ ཌི་ མ་ག་ལྷེསི་གིས་སླབ་ཅི།

སྒེར་གྱི་སློབ་གྲྭ་གིས་ མི་སེར་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༣༠/༣/༢༠༡༣   ༉ ཧཱ་རྫོང་ཁག་ནང་ སྒེར་གྱི་སློབ་གྲྭ་གསརཔ་ གཞི་བཙུགས་འབད་མི་གིས་ ཧཱ་གི་ཕམ་ཚུ་ ཨ་ལུ་སློབ་གྲྭ་གཞན་ཁར་ བཏང་མ་ཚུགས་མི་དང་ ཐག་རིང་སར་ བཏང་དགོ་མ་མནོ་མི་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་ར་བྱུང་དོ་ཡོདཔ་ཨིན་པས།
ཧཱ་ལུ་ བཟོ་སྐྲུན་འབད་མི་ སྒེར་གྱི་སློབ་གྲྭ་གསརཔ།

མི་མང་གི་བསམ་འཆར།

༣༠/༣/༢༠༡༣   ཁྲོམ་ཁར་ རྟ་ནོར་སེམས་ཅན་ཚུ་ འཁྱམས་སྡོད་མི་ལུ་ ལྟ་རྟོག་འབད་མི་མེདཔ་ཨིན་ན?
༉ འབྲུག་རྒྱལ་ཁབ་ནང་ རྫོང་ཁག་༢༠ ཡོད་པའི་ནང་ལས་ ཆུ་ཁ་རྫོང་ཁག་འོག་གི་ ཕུན་ཚོགས་གླིང་ཁྲོམ་དེ་ཡང་ ཁྲོམ་སྡེ་ཀ་པའི་ནང་ ཚུད་ཡོདཔ་ཨིནམ་ ག་ར་གིས་ མ་མཁྱེནམ་ཅིག་ མེད་ཟེར་ཞུ་ནི།


ནང་ཁྲལ་མར་ཕབ་ཀྱི་གྲོས་འཆར་ གཞུང་གསརཔ་གིས་འབད་ནི།

༣༠/༣/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་འཚོགས་མི་ སྒེར་སྡེ་གོང་འཕེལ་ཚོགས་ཆུང་གི་ ཞལ་འཛོམས་སྐབས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་  འབྲུག་མི་སྒེར་སྡེ་ཚུ་གིས་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་པའི་ནང་ཁྲལ་ཚུ་ མར་ཕབ་འབད་དགོཔ་སྦེ་ ཞུ་ཡོདཔ་ཨིན།

ལྷུན་རྩེ་རྫོང་ཁག་ལས་ ཚོགས་སྡེའི་གདམ་ངོ་༢ ཀྱིས་ དོ་འགྲན་འབད་ནི།

༣༠/༣/༢༠༡༣  ༉ ལྷུན་རྩེ་ལུ་ རྒེད་འོག་༨ ཡོད་རུང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ རྒྱ་རེད་རྒེད་འོག་དང་ མཁོ་མ་རྒེད་འོག་༢ ལས་མ་གཏོགས་མེདཔ་ད་ སྤྱི་ཟླ་འདི་གི་ཚེས་༢༨ ལུ་ མཁོ་མ་རྒེད་འོག་གི་མི་སེར་ཚུ་གིས་ ཁོང་རའི་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་གདམ་ངོ་སྦེ་ ལོག་སྟེ་ར་ འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་དེ་ གདམ་འཐུ་འབད་ཡི།
ཚོགས་རྒྱན་བཙུགས་ནི་གི་དོན་ལུ་ རྒྱལ་བཙར་སྡོད་པའི་བསྒང་།

ཧཱ་ལུ་ ས་ཁྲམ་འཆང་མི་༣,༡༧༣ ལུ་ སའི་སྐྱིད་སྡུག་གནང་ཡོདཔ།


དེ་དང་གཅིག་ཁར་ མི་དབང་མཆོག་གིས་ མི་སེར་ཚུ་ལུ་ བཙག་འཐུའི་བྱ་རིམ་ཚུ་ནང་ བཅའ་མར་གཏོགས་དགོ་པའི་ བཀའ་བསྐུལ་གནང་ནུག།

༉ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧཱ་རྫོང་ཁག་དང་ ཁྲོམ་སྡེའི་ནང་ ས་ཁྲམ་འཆང་མི་༣,༡༧༣ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོད་མི་དེ་ཡང་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ གནད་དོན་དེ་ཚུ་ མི་དབང་མཆོག་ལུ་ ཕུལ་མི་དང་འཁྲིལ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་
མི་སེར་གྱི་ ངོ་ཚབ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།
ད་རིས་ ས་ཆའི་སྐྱིད་སྡུག་ཐོབ་མི་ཚུ་ལུ་ ས་ཐེབས་ཐོན་མི་དང་ ཁྱིམ་དང་ ལྷ་ཁང་བཟོ་སྐྲུན་ ཡང་ཅིན་ རྒྱལ་ཁམས་ཀྱི་ ས་ཆ་ནང་ ལོ་ཐོག་བཏབ་ནི་ དེ་་ལས་ ཐོ་བཀོད་ཚུ་ནང་ལས་ ས་ཁྲམ་འཛགས་ལུས་ཤོར་བ་ལ་སོགས་པའི་ ས་ཆ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ལེ་ཤ་བྱུང་ཡོདཔ་སྦེ་ ས་ཆ་བསྐྱར་འཇལ་སྙན་ཞུའི་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ ལ་ཡཔ་ཚུ་ལུ་ དགུན་གྱི་སྡོད་གནས་དོན་ལུ་ སའི་སྐྱིད་སྡུག་གནང་ཡོདཔ།

༢༩/༣/༢༠༡༣   ༉ ས་ཁ་མཐོ་ས་ ལ་ཡ་ལུ་སྡོད་མི་ཚུ་གིས་ གནམ་དགུན་ཨ་རྟག་ར་ མགར་ས་རྫོང་དང་ སྤུ་ན་ཁ་གཡུས་ཚན་ཚུ་ནང་ གནས་སྐབས་ཀྱི་ སྒར་བཅགས་ཏེ་སྡོད་མི་དེ་ སང་ཕོད་ལས་ སྡོད་དགོཔ་མི་འཐོན་ནི་ཨིན་མི་དེ་ཡང་ ཁོང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་གི་ཉེ་འདབས་ལུ་ཡོད་པའི་ འོག་ཕུག་ཟེར་ས་ལུ་ གནམ་དགུན་གྱི་ སྡོད་གནས་རྐྱབ་ནིའི་དོན་ལུ་ ལ་ཡ་རྒེད་འོག་གི་ཁྱིམ་གུང་པ་༡༩༧ ག་ར་ལུ་ སའི་སྐྱིད་སྡུག་གནང་ཡོདཔ་ཨིན་པས།
ས་ཆ་བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་བཟོ་ཡོད་མི་ འོག་ཕུག་ས་ཁོངས།

སློབ་ཕྲུག་བུཚ་ཅིག་ ལོ་༦ ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༢༩/༣/༢༠༡༣   ༉ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ བུཚ་ཅིག་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ ཁོ་རའི་ཁྱིམ་ནང་ ལཱ་འབད་བཅུག་སྟེ་ ལོ་༡༣ ལང་པའི་མཐའ་མར་ ད་རེས་འབདཝ་ད་ ཕམ་དང་སྤུན་ཆ་ཚུ་གིས་ བུཚ་དེ་ རྩ་ལས་ར་ མཐོང་ནི་མེདཔ་ལས་ འཚོལ་ཞིབ་འབད་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།

སྡེ་ཚན་ཁ་པའི་ ཕུཊ་བཱོལ་ལིག་རྩེད་འགྲན་འགོ་བཙུགས་ཡོདཔ།

༢༩/༣/༢༠༡༣   ༉ ཁ་ཙ་ ཕྱི་རུ་ཆུ་ཚོད་ཕྱེད་དང་༦ ལས་ སྡེ་ཚན་ཁ་པའི་ ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ མུ་ཏིག་ཐང་སྡེ་ཚན་གྱིས་ སྐྱེས་ལོ་༡༦ མན་ཆད་འབད་མི་ རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།

སྦ་སྒོར་ཚུ་ བརྡལ་གཏང་ནིའི་དོན་ལུ་ དུས་ཚོད་ཐེབས་གནང་དགོ་པའི་ཞུ་བ།

༢༩/༣/༢༠༡༣   ༉ ཐིམ་ཕུ་ལྕང་ཇི་ཇི་ཟམ་གྱི་ སྦོ་ལོགས་ཁར་ ཁྲིམས་འགལ་ཐོག་ལས་ སྦ་སྒོར་རྐྱབ་མི་ཚུ་ ཁྲོམ་སྡེ་ལས་འཛིན་ལས་ བརྡལ་གཏང་དགོ་པའི་ ཡི་གུ་བཏང་མི་དེ་ དུས་ཡུན་ཐུང་སོཔ་ལས་ ས་ཁོངས་ནང་སྡོད་མི་ བཟའ་ཚང་ཚུ་ལུ་ ཁྱིམ་འཚོལ་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་འཕྲོ་ལས་ བརྡལ་གཏང་དགོཔ་སྦེ་ སླབ་སྟེ་ཡོད་མི་ གནས་སྐབས་སྦ་སྒོར་ཚུ།

མགར་ས་རྫོང་ཁག་ལས་ ཚོགས་སྡེའི་གདམ་ངོ་༣ ཐོན་ཡོདཔ།

༢༩/༣/༢༠༡༣   ༉ མགར་ས་རྫོང་ཁག་ ལ་ཡ་རྒེད་འོག་ལས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བསྟན་འཛིན་གྱིས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གི་དོན་ལུ་ ཁ་ཙ་ ལ་ཡ་རྒེད་འོག་གི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ དགོ་གི་ཚོགས་རྒྱན་༢༣༥ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ མེན་དགོ་གི་ ཚོགས་རྒྱན་༣༢ ལས་བརྒལ་ མེདཔ་ཨིན་པས། 

ད་ལས་ཕར་ རྩི་རང་ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་མི་འབྱུང་ནི།

༢༩/༣/༢༠༡༣  ༉ རྩི་རང་ཁྲོམ་དང་ ཉེ་འདབས་ཀྱི་ས་ཁོངས་ནང་ ད་ཚུན་ ལོ་ལས་བཅད་དེ་ གནམ་དགུན་ཨ་རྟག་ར་ འཐུང་ཆུ་མ་ལང་པའི་དཀའ་ངལ་ ཐོན་བཞིན་དུ་ཡོད་མི་དེ་ འཕྲལ་ཁམས་ཅིག་ཁར་ བསལ་ཚུགས་ཡོདཔ་ཨིན་པས།
འཐུང་ཆུའི་དཀའ་ངལ་བསལ་ཚར་མི་ རྩི་རང་ཁྲོམ།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༣/༢༠༡༣   ཚོགས་རྒྱན་བཙུགས་མི་ཚུ་ལས་ དང་ལེན་ཆུང་བའི་མངོན་གསལ། ༉ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ དོ་འགྲན་འབད་དགོ་མནོ་མི་ དང་འདོད་ཅན་ཚུ་གི་དོན་ལུ་ རྒེད་འོག་གི་གནས་རིམ་ནང་ གདམ་འཐུ་འབད་ནི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་མ་ཚད་ མི་ངོ་༥༠ དེ་ཅིག་གིས་ གོམ་ཐེངས་དང་པ་ སྤོ་ཚར་ནུག།

ཚོགས་སྡེའི་འཐུས་མི་༡༦ གིས་ ལོག་དོ་འགྲན་འབད་ནི།

༢༩/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༡༦ གིས་ ཚོགས་སྡེ་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ ཚོགས་སྡེ་ལས་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ ལྷག་ལུས་ རྫོང་ཁག་༤ ལས་ འཐུས་མི་༤ གིས་ དགོངས་ཞུ་མི་འབད་ནི་ཨིན་པས།

འབྲུག་དང་ བང་ལ་དེཤ་བར་ནའི་ ཚོང་འབྲེལ་གོང་འཕེལ་ལུ་ ཐབས་ལམ་བཏོན་དོ་ཡོདཔ།

༢༩/༣/༢༠༡༣   ༉ ད་རེས་ཁམས་ ཌ་ཀ་ལུ་སྦེ་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་གནས་ཚད་ཐོག་ ཞལ་ཛོམས་འཚོགས་པའི་སྐབས་ བང་ལ་དེཤ་གཞུང་གིས་ ཁོང་གི་ ན་ཀུ་གའོན་དང་ ཧ་ལུ་བ་གཱཊི་ལུ་ཡོད་པའི་ སྐྱེལ་འདྲེན་ས་ཁོངས་ ཅ་དམ་ཡིག་ཚང་ཚུ་བརྒྱུད་དེ་ ཚོང་འབྲེལ་འཐབ་ཆོག་པའི་ གནང་བ་བྱིན་མི་དེ་ འབྲུག་པའི་ནང་འདྲེན་པ་དང་ ཕྱིར་ཚོང་འཐབ་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༧/༣/༢༠༡༣
ཁ་ཙ་དྲོ་པ་ བསམ་གྲུབ་ལྗོངས་མཁར་ལས་ ཤར་ཕྱོགས་རྫོང་ཁག་གཞན་ཚུ་ནང་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་༡༠༠ དེ་ཅིག་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ ཐོགས་ལུས་མི་དེ་ཡང་ ལམ་གྱི་ལྟག་ལས་ ས་རུད་ཆད་དེ་
ས་དང་རྡོ་ཚུ་གིས་ ལམ་བསུབས་ཡོདཔ་ད་ རྡོ་དཀར་ཇིབ་སམ་འབག་མི་ སྣུམ་འཁོར་ཊི་པར་ཊཱག་ཅིག་གིས་ ལམ་བསུབས་མི་ལས་ འཐོན་འགྱོ་ནི་གི་ དཔའ་བཅམ་ད་ མཐར་འཁྱོལ་མ་ཚུགས་པས། ཨིན་རུང་ ལམ་དེ་ དྲོ་པའི་ཆུ་ཚོད་༧.༣༠ དེ་ཅིག་ཁར་ བསལ་ཚུགས་ཡོད་པའི་གནས་ཚུལ།


དར་དཀར་ནང་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཕུད་རྡོག་གཅིག་ལས་མེདཔ།

༢༧/༣/༢༠༡༣   འདེམས་ངོ་གཞན་ སློབ་དཔོན་བགྲེསཔ་ལུ་ མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་མེད་བཏང་ནུག།
༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྫོང་ཁག་གནས་རིམ་གྱི་ རྒྱལ་ཡོངས་ཚེོགས་སྡེའི་ བཙག་འཐུ་འབདཝ་ད་ དར་དཀར་ནང་རྫོང་ཁག་ནང་ དོ་འགྲན་འབད་མི་ གདམ་ངོ་ཕུད་རྡོག་གཅིག་མ་གཏོགས་ མི་འོང་ནི་ཨིན་པས།

གཟི་ཚོང་འཐབ་པའི་འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༢༧/༣/༢༠༡༣   ༉ གཟི་ཨར་རྐུན་འབད་དེ་ ཚོང་སྒྱུར་འཐབ་མི་ བསམ་གཏན་རྡོ་རྗེ་ལུ་ བཀྲིས་གཡང་རྩེའི་ ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༤ བཀལ་མི་ལུ་ ཆེ་མཐོའི་ཁྲིམས་ཁྲི་༢ པ་གིས་ཡང་ བསྒྱུར་ལྡོག་མེད་པའི་འཁྲུན་ཆོད་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་བཏོན་ནུག།

རྟ་མགྲིན་སྒང་རྒྱ་བསྐྱེད་སློབ་གྲྭ་ལག་ལེན་མེདཔ།

༢༧/༣/༢༠༡༣   ༉ དུས་ཅི་ སློབ་དཔོན་ལངམ་མེད་མི་དང་ སློབ་ཕྲུག་ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ བུམ་ཐང་སྟང་རྒེད་འོག་ནང་ཡོད་མི་ རྟ་མགྲིན་སྒང་ཡན་ལག་སློབ་གྲྭ་དེ་ སྒོ་བསྡམས་བཞག་ཡོདཔ་ཨིན་པས།

ཨ་ལུ་རྨས་སྐྱེས་བསད་ཡོད་པའི་ཁ་ཉེས།

༢༧/༣/༢༠༡༣   ༉ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ལུ སྤྱི་ཟླ་༣ པའི་ཚེས་༡༤ གི་ཕྱི་རུ་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རིའི་ཨ་ལུ་རྨས་སྐྱེས་ ཞག་གཅིག་ལང་མི་དེ་ བཀོ་བཏང་མི་ལུ་བརྟེན་ ཤི་རྐྱེན་བྱུང་བའི་དོགས་པ་ཡོདཔ་ཨིན་པས།

སྣུམ་འཁོར་རྐྱེན་ངན་ནང་མི་༡ ལུ་ཤི་རྐྱེན།

༢༧/༣/༢༠༡༣   ༉ སྤྱི་ཟླ་༣ པའི་༢༥ ལུ་ དབང་འདུས་ཕོ་བྲང་ སྟག་ཤ་སོ་ནམ་ཞིང་ལམ་ལས་མར་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་སོང་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ ས་གནས་དེ་ཁ་ར་ ཁ་འཐུམ་མར་བསད་ཡོདཔ་ད་ ཚེ་འདས་དེ་ བཀྲིས་སྒང་གཤོང་ཕུག་རྒེད་འོག་ ཅ་གླིང་གཡུས་ཚན་ལས་ཨིན་པས།

འབྲུག་གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ གདམ་འཐུ་གྲུབ་ཡོདཔ།

༢༧/༣/༢༠༡༣   ༉ ཚོགས་རྒྱན་བཙུགས་མི་བསྡོམས་༡༩༨ འོང་མི་ལས་ ཚོགས་རྒྱན་༡༩༤ ཐོབ་སྟེ་ འབྲུག་གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ བསྟན་པ་རྡོ་རྗེ་གིས་ ཁ་ཙ་ ལྷུན་རྩེ་རྫོང་ཁག་ རྒྱ་རེད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ལྷུན་རྩེ་རྒྱ་རེད་རྒེད་འོག་གི་གདམ་ངོ་ བསྟན་པ་རྡོ་རྗེ།

མོང་སྒར་ལས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ བཏོན་ཚར་ཡོདཔ།

༢༧/༣/༢༠༡༣   ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཏོན་ནི་དོན་ལུ་ མོང་སྒར་རྫོང་ཁག་གི་རྒེད་འོག་༡༧ ཆ་མཉམ་ནང་འཛོམས་འདུ་མཇུག་བསྡུ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གཡུས་སྒོ་ཚུན་ནང་གི་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུ་༢ ཀྱི་བར་ན་ ཁྱད་པར་ཕྱེ་མ་ཚུགས་པར་ཡོདཔ་ཨིན་པས།

གཞལམ་སྒང་སྒོ་ཤིང་རྒེད་འོག་གིས་ ཚོགས་སྡེའི་གདམ་ངོ་སྦེ་ རྡོ་རྗེ་མཁའ་འགྲོ་བཏོན་ཡོདཔ།

༢༧/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ གཞལམ་སྒང་རྫོང་ཁག་ སྒོ་ཤིང་རྒེད་འོག་ནང་ འཛོམས་འདུ་འཚོགས་པའི་སྐབས་ སྐྱེས་ལོ་༤༡ འབད་མི་ རྡོ་རྗེ་མཁའ་འགྲོ་གིས་ དགོ་ཟེར་བའི་ ཚོགས་རྒྱན་བརྒྱ་ཆ་༩༡ ལྷགཔ་ཅིག་ཐོབ་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
གཞལམ་སྒང་སྒོ་ཤིང་རྒེད་འོག་གི་གདམ་ངོ་སྦེ་ རྡོ་རྗེ་མཁའ་འགྲོ།

མགར་ས་ལུ་ ཚོགས་རྒྱན་བཙུགས་མི་ ཨམ་སྲུ་དང་ཕོ་སྐྱེས་ཚུ་ འདྲན་འདྲ་འཛོམས་ཡོདཔ།

༢༧/༣/༢༠༡༣   ༉ མགར་ས་རྫོང་ཁག་ ཁ་སྨད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་དོན་ལུ་ དོ་འགྲན་འབད་མི་ ཡེ་ཤེས་རྡོ་རྗེ་དེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
མགར་ས་ཁ་སྨད་རྒེད་འོག་གི་གདམ་ངོ་ ཡེ་ཤེས་རྡོ་རྗེ།
མགར་ས་ཁ་སྟོད་རྒེད་འོག་གི་གདམ་ངོ་ སངས་རྒྱས་མཁའ་འགྲོ།
དབང་འདུས་རུ་སྦིས་ས་རྒེད་འོག་གི་གདམ་ངོ་ བཀྲིས་རྡོ་རྗེ།
སྤུ་ན་ཁ་སྟོད་དབང་རྒེད་འོག་གི་གདམ་ངོ་ རིག་འཛིན་རྡོ་རྗེ།
དབང་འདུས་བ་འཇོ་ཁྲོམ་གྱི་གདམ་ངོ་ ཕྱག་རྡོར་རྣམ་རྒྱལ།

གནས་ཚུལ་མདོར་བསྡུས།

༢༧/༣/༢༠༡༣
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༢ ཀྱི་ སློབ་རིམ་༡༠ པ་དང་༡༢ པའི་ ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་མི་ཚུ་དང་ མཇལ་ཕྲད་གནང་པའི་བསྒང་།


བཟའ་ཚང་ཚུ་དང་ ལོག་བསྡོམ་ནི་གི་དམིགས་འཆར།

༢༧/༣/༢༠༡༣   ༉ སྐྱེས་ལོ་༣༥ ལང་མི་ བཙོན་པ་ཅིག་ ལྕམ་སྒང་བཙོན་ཁང་ལས་ ཕྱིར་ཐོན་ཏེ་ ཡངས་བཙོན་ཐོབ་མི་ལུ་ སེམས་དགའ་ཡོད་རུང་ བཙོན་ཁྲིམས་ཀྱི་ དུས་ཚོད་ཚངམ་ད་ ཁོ་རའི་ ཨ་ལུ་༣ འཚོལ་ཐོབ་མི་ཐོབ་ཀྱི་ ཚ་གྱང་ལངམ་ཨིན་པས།

རྩོམ་སྒྲིག་པའི་སྣང་འཆར།

༢༧/༣/༢༠༡༣   ཨར་རྐུན་ཤོར་བའི་ ཅ་ཆས་ལོག་ཐོབ་མི་ཚུ་ ཇོ་བདག་ལུ་ སྤྲོད་ནི་ཡོདཔ་ཨིན་ན?
༉ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ ཐིམ་ཕུ་ཁྲོམ་ནང་འཁོད་དང་ ཁྲོམ་གྱི་རྒྱ་བསྐྱེད་ས་ཁོངས་ནང་ལས་ཕར་ སྡོད་ཁྱིམ་ལེ་ཤ་ཅིག་དང་ སྣུམ་འཁོར་ཚུ་ནང་ལས་ ཅ་ཆས་མང་རབས་ཅིག་ བྱང་སྟོར་དང་ ཨར་རྐུན་ཤོར་ཡོདཔ་མ་ཚད་ རྒྱལ་ས་ལྟེ་བ་ལུ་ ཁྲིམས་འགལ་གྱི་ ལག་ལེན་ཚུ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན།


ཤུ་མར་རྒེད་འོག་གིས་ ཚོགས་སྡེའི་འཐུས་མི་བགྲེསཔ་ གདམ་འཐུ་འབད་ཡོདཔ།

༢༧/༣/༢༠༡༣   ༉ ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་གི་ ཤུ་མར་རྒེད་འོག་ནང་ འཛོམས་འདུ་ཁག་༢ པ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་གྱིས་ དགོ་ཟེར་བའི་ཚོགས་རྒྱན་༣༥༩ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༧༣ ཐོབ་ཡོདཔ་ཨིན་པས།
ཤུ་མར་རྒེད་འོག་གི་གདམ་ངོ་ འཇིགས་མེད་རིག་འཛིན།

ཐད་ཀར་བརྒྱུད་འཕྲིན་ཨང་ཚུ་ དམིགས་གཏད་ཐོག་ལུ་ གློ་བུར་ལག་ལེན་འཐབ་མ་བཏུབ་པའི་དཀའ་ངལ།

༢༧/༣/༢༠༡༣   ༉ འདས་པའི་བདུན་ཕྲག་ནང་ ནུབ་མོ་ཅིག་འབདཝ་ད་ བ་འཇོ་ཁྲོམ་ཁར་སྡོད་མི་ ཀུན་བཟང་གི་ཁྱིམ་གྱི་ སྒོ་བརྡུངས་མི་ཅིག་ ཐོན་ཡོདཔ་ད་ ཁོ་ར་ མལ་ཆ་ནང་ལས་ལོང་སྟེ་ སྒོ་ཕྱེ་བའི་བསྒང་ལས་ བཟོ་སྐྲུན་གྱི་ས་ཁོངས་ནང་ལཱ་འབད་མིའི་ ཕྱི་མི་ཅིག་མཐོང་ཡོདཔ་ད་ ལས་མི་དེ་ ན་གཞོན་སྡེ་ཚན་ཅིག་གིས་ བདའ་འོང་མི་ལུ་བརྟེན་ ཁྱིམ་ནང་ བྲོས་ཟུར་འབད་དེ་འོང་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༣ པའི་ཚེས་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༢ ཀྱི་ སློབ་རིམ་༡༠ པ་དང་༡༢ པའི་ ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་མི་ཚུ་དང་ མཇལ་ཕྲད་གནང་པའི་བསྒང་།


དགེ་སློང་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་བདག་འཛིན་འཐབ་དགོཔ་ཡོདཔ།

༢༦/༣/༢༠༡༣   ༉ འབྲུག་གི་དགེ་སློང་ཚུ་ལུ་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ཨིན་པས།
དེ་ཡང་ པགས་ནད་དང་ ཇང་ལུད་ནད་ཚུ་ལས་འགོ་བཟུང་ ཁྲག་ཤུགས་མཐོ་དྲགས་དང་ འདོད་སྤྱོད་ལུ་བརྟེན་སྤེལ་བའི་ ནད་གཞི་ཚུ་ལུ་བརྟེན་ དགེ་སློང་ཚུ་ལུ་ ཕྱི་གཟུགས་དང་ སེམས་ཁམས་གཉིས་ཆ་ར་ལུ་ ན་ཚ་ཐོབ་སྟེ་འདུག་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།

བདེ་ཆེན་ཕོ་བྲང་གི་ དགེ་སློང་ཚུ་ ཉིན་མའི་གསོལཝ་བཞེས་པའི་བསྒང་།

ལག་ཤེས་ཅན་གྱི་ལས་མི་ མ་ཐོབ་པའི་དཀའ་ངལ།

༢༦/༣/༢༠༡༣   ༉ ལག་ཤེས་ཅན་གྱི་ལས་མི་ འཚོལ་མ་ཐོབ་པའི་ཁར་ ལོ་བསྟར་ཚེས་བཅུ་འགོ་འདྲེན་འཐབ་མི་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མི་ལུ་བརྟེན་ ལྷ་ཁང་དཀར་པོའི་ བཟོ་སྐྲུན་ལཱ་དེ་ ཐོགས་ལུས་སོ་ཡི་ཟེར་ ཧཱ་གི་རྫོང་རབ་ བྱམས་པ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ལྷ་ཁང་དཀར་པོའི་བཟོ་སྐྲུན་གྱི་ལཱ་ ཐོགས་ལུས་པའི་མཐོང་སྣང་།

བསམ་གྲུབ་ལྗོངས་མཁར་གྱིས་ ཚོགས་སྡེའི་དོན་ལུ་ གདམ་ངོ་༣ བཏོན་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ ཨོ་རོང་རྒེད་འོག་ནང་ འཛོམས་འདུ་མཇུག་འགོ་འདྲེན་འཐབ་དང་འབྲེལ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ཚོགས་སྡེའི་དོན་ལུ་ གདམ་ངོ་༣ གདམ་འཐུ་འབད་ཡོདཔ་ཨིན་པས།
ཨོ་རོང་རྒེད་འོག་གི་དོན་ལུ་ སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ཏེ་ ཕམ་ཡོད་མི་ ཀུན་དགའ་རྡོ་རྗེ་དེ་ ཁ་ཙ་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༢༣༥ འོང་ས་ལས་༡༦༡ གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཏེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།


བསམ་རྩེ་གིས་ ཚོགས་སྡེའི་གདམ་ངོ་བསྡོམས་༧ བཏོན་ཚར་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ བསམ་རྩེ་ཁྲོམ་ནང་ འཛོམས་འདུ་མཇུག་འགོ་འདྲེན་འཐབ་སྟེ་ གདམ་ངོ་ཅིག་ བཏོན་མི་དེ་རྩིསཝ་ད་ གདམ་ངོ་བསྡོམས་༧ བཏོན་ཚར་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༣ ལས་༢༤ གི་བར་ན་ རྒེད་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་ཤུལ་ལས་ བསམ་རྩེ་ཁྲོམ་སྡེ་གིས་ བརྡ་བརྒྱུད་ནང་ལཱ་འབད་མི་ ཁྱུང་བདུད་ཚེ་རིང་ལུ་ དགོ་ཟེར་བའི་ཚོགས་རྒྱན་༣༦ དང་ མི་དགོ་ཟེར་མི་ ག་ཡང་མེདཔ་ལས་ བསམ་རྩེ་ཁྲོམ་གྱི་ གདམ་ངོ་སྦེ་ གྲུབ་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༢༦/༣/༢༠༡༣
ནང་སྲིད་ལྷན་ཁག་ བཀའ་ཁྲིམས་བཀོད་འཛིན་གྱིས་ ཕུན་ཚོགས་གླིང་ལུ་སྦེ་ གས་རྫས་བཀལ་ནིའི་ དྲན་གསོའི་སློབ་སྦྱོང་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ ལས་སྡེ་ཁག་སོ་སོའི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ གས་རྫས་ལག་ལེན་པ་སྦེ་ ལཱ་འབད་མི་༣༠ དེ་ཅིག་གིས་ བཅའ་མར་གཏོགས་དེ་ཡོདཔ་ད་ ཉིན་གྲངས་༦ འབད་མི་ དྲན་གསོའི་སློབ་སྦྱོང་དེ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
སློབ་སྦྱོང་གི་སྐབས་ལུ་ གས་རྫས་མ་འདྲཝ་ཚུ་ ལག་ལེན་འཐབ་ཐངས་སྐོར་ལས་ སློབ་སྟོན་འབད་ནི་ཨིན་པའི་གནས་ཚུལ།

འབྲི་ལྷག་གི་ཤེས་ཡོན་མེད་རུང་ བློ་ཟེ་བསྒྱུར་ནི་ལུ་མཁས་དྲགས།

༢༦/༣/༢༠༡༣   ༉ རྒྱལ་ཁབ་ནང་ བློ་ཟེ་བསྒྱུར་ནི་ལུ་ མཁས་ཤོས་ཅིག་ཨིན་མི་ སྤ་རོ་ རྡོཔ་ཤར་རི་རྒེད་འོག་ རྒྱུ་བར་ལས་ སྐྱེས་ལོ་༤༤ ལང་མི་ རིག་འཛིན་སྒྲོལ་མ་གིས་ མོ་རའི་བསམ་དོན་ཚུ་ གྲུབ་ཚར་ཡོདཔ་ལས་ ད་ལས་ཕར་ བློ་ཟེ་འགྲན་བསྡུར་ཚུ་ནང་ བཅའ་མར་མི་གཏོགས་ཟེར་ཨིན་པས།
རིག་འཛིན་སྒྲོལ་མ།

ཧཱ་སྦྱིས་རྒེད་འོག་ལས་ ཚེ་རིང་རྡོ་རྗེ་ གདམ་འཐུ་འབད་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ ཧཱ་རྫོང་ཁག་ སྦྱིས་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡའི་གདམ་ངོ་ བཙག་འཐུ་འབད་ནིའི་དོན་ལུ་ འཛོམས་འདུ་རྐྱབ་པའི་སྐབས་ ཚེ་རིང་རྡོ་རྗེ་ལུ་ དགོ་ཟེར་བའི་ ཚོགས་རྒྱན་༡༤༧ དང་ མི་དགོ་ཟེར་བའི་ ཚོགས་རྒྱན་༥ ཐོབ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ གདམ་འཐུ་འབད་ཡི།
གདམ་འཐུ་གྲུབ་མི་ ཚེ་རིང་རྡོ་རྗེ།
སྦྱིས་རྒེད་འོག་གི་མི་ཚུ་ ཚོགས་རྒྱན་བཙུགས་པར་འགྱོ་བའི་བསྒང་།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ གདམ་ངོ་༢༦ གཏན་འཁེལ་བཟོ་ཡོདཔ།

༢༦/༣/༢༠༡༣   ༉ ཐིམ་ཕུ་སྟོད་ཀྱི་དོན་ལུ་ སྲིད་ཚོགས་༥ གི་གྲས་ལས་༤ གི་ འདེམས་ངོ་ཚུ་ག་ར་ ཨམ་སྲུ་ཨིནམ་བཞིན་དུ་ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ཐིམ་ཕུ་སྨད་ཀྱི་ འདེམས་ཁོངས་ནང་ལས་ གདམ་ངོ་ཨམ་སྲུ་ཅིག་ བཏོན་ཡོདཔ་ཨིན་པས།
ཐིམ་ཕུ་སྨད་ཀྱི་གདམ་ངོ་ ཨོ་རྒྱན་སྒྲོལ་མ།
བཀྲིས་སྒང་བར་མཚམས་གཤོང་ཕུག་གི་གདམ་ངོ་ ཀརྨ་དབང་འཛོམས།

ཐིམ་ཕུ་རྫོང་ཁག་ལས་ གདམ་ངོ་གཞོནམ་༣ གྱིས་ དོ་འགྲན་འབད་ནི།

༢༦/༣/༢༠༡༣   ༉ ད་ལྟོ་ཚུན་ གླིང་བཞི་རྫོང་ཁག་ རྐྱངམ་གཅིག་ནང་མ་གཏོགས་ ཐིམ་ཕུའི་རྒེད་འོག་༧ དང་ ཁྲོམ་སྡེའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཏོན་ནིའི་དོན་ལུ་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་བཞིན་དུ་ བཙག་འཐུ་ངོ་མའི་སྐབས་ གདམ་ངོ་གཞོནམ་༣ གྱིས་ བཅའ་མར་གཏོགས་ནི་ཨིན་པས།

མགར་ས་ལུ་ དངུལ་འབྲེལ་ཡིག་ཚང་༢ གཞི་བཙུགས།

༢༦/༣/༢༠༡༣   ༉ མཐའ་ཟུར་གྱི་རྫོང་ཁག་ མགར་ས་ལུ་ ཁ་ཙ་ འབྲུག་གི་དངུལ་ཁང་དང་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ ཡིག་ཚང་༢ གཞི་བཙུགས་འབད་མི་དང་བསྟུན་ དངུལ་འབྲེལ་གྱི་ ཞབས་ཏོག་དེ་ རྫོང་ཁག་༢༠ ག་རའི་ནང་ ཁྱབ་ཡོདཔ་ཨིན་པས།
མགར་ས་ལུ་ འབྲུག་གི་དངུལ་ཁང་ སྒོ་འབྱེད་འབད་བའི་བསྒང་།

མི་མང་གི་བསམ་འཆར།

༢༦/༣/༢༠༡༣   དགེ་སློང་ཚུ་ལུ་ཡང་ མཐུན་རྐྱེན་ལེགས་ཤོམ་གནང་དགོ་པའི་ཞུ་བ།
༉ འབྲུག་གི་རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ དགེ་འདུན་སློབ་གྲྭ་དང་ ཨ་ནེམོ་གྲྭ་ཚང་ བཤད་གྲྭ་ལ་སོགས་པ་ གཞི་བཙུགས་གནང་མི་དེ་གིས་ ཕམ་ཉམ་ཆུང་ཚུ་གི་ ཨ་ལུ་ཚུ་ དེང་སང་ཤེས་རིག་ལམ་ལུགས་ནང་ འཛུལ་ཞུགས་དང་ ཐོ་བཀོད་འབད་མ་ཚུགས་མི་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་ཡོད་ཟེར་ཞུ་ནི།

རྒྱལ་ཡོངས་ཚོགས་སྡེ་གདམ་ངོའི་འཛོམས་འདུ་ རྒེད་འོག་༡༧ ལས་༣ ལྷག་ལུས་ཡོདཔ།

༢༦/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྒེད་འོག་༡༧ ཆ་མཉམ་ནང་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་ད་ དེ་ཡང་ རྒེད་འོག་༡༧ གྱི་གྲས་ལས་ འཛོམས་འདུ་མཇུག་ར་ ཁ་ཙ་ ས་གླིང་རྒེད་འོག་ནང་ འགོ་འདྲེན་འཐབ་ཐོག་ལས་མཇུག་བསྡུ་ཡི།
གདམ་འཐུ་གྲུབ་མི་ གནས་ཆུ་གིས་ ས་གླིང་གི་མི་སེར་ཚུ་ལུ་ ཁོ་རའི་ ངོ་སྤྲོད་ཤོག་བྱང་ཚུ་ བཀྲམ་པའི་བསྒང་།

གནས་ཚུལ་མདོར་བསྡུས།


༢༥/༣/༢༠༡༣ 
གཞལམ་སྒང་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ ཉིནམ་གསུམ་འབད་མི་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ མི་མང་ལུ་ གུ་རུའི་མཐོང་གྲོལ་མཇལ་ཁ་གནང་ཐོག་ལས་ གྲོལ་ཡོད་པའི་གནས་ཚུལ།

གནས་ཚུལ་མདོར་བསྡུས།




༢༥/༣/༢༠༡༣ 
ཁ་ཙ་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་བཙག་འཐུ་འབད་ནིའི་དོན་ལུ་ ཚོགས་རྒྱན་ས་ཁོངས་ནང་ རྒན་རྒས་ཚུ་ ལག་པར་འཁརཝ་བཤེད་དེ་ ལམ་འགྱོ་བའི་བསྒང།

བཙོན་པ་༣༠ གིས་ བཙོན་ཁྲིམས་ཀྱི་ ལོ་གྲངས་ལྷག་ལུས་ བཙོན་ཁང་གི་ཕྱི་ཁར་ ཕྱག་ཞུ་ནི།

༢༥/༣/༢༠༡༣   ༉ བཙོན་ཁྲིམས་ལོ་༥ ལས་༢༠ ཚུན་ཕོག་མི་ བཙོན་པ་༣༠ གིས་ ད་ལྟོ་ཚུན་ཚོད་ ལྕམ་སྒང་བཙོན་ཁང་ནང་ ཀུན་སྤྱོད་རྣམ་གཞག་ ལེགས་ཤོམ་བཏོན་ཐོག་ལས་ ཕྱག་ཞུ་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ བཙོན་ཁང་ནང་ལས་ ཕྱི་ཁར་བཏོན་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་སྡེ་ནང་ ཚོགས་གྲངས་གསུམ་དཔྱ་༢ མེདཔ།

༢༥/༣/༢༠༡༣    འཐུས་མི་༡༦ དགོངས་ཞུ་འབད་མི་ལུ་བརྟེན་ ཚོགས་གྲངས་གསུམ་དཔྱ་༢ དགོ་མི་དེ་ མ་ཚངམ་ལས་ གཙུག་སྡེ་ཡོད་མིའི་གྲངས་སུ་དང་ ཡང་ཅིན་ ཚོགས་སྡེ་རྩ་གྲོལ་སོང་ཡོདཔ་སྦེ་ བརྩི་ནི་ཨིན་ན?
༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ཅིག་ར་ ལོག་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་མི་ལུ་བརྟེན་ ཚོགས་སྡེའི་གཙུག་སྡེ་དེ་ འཐུས་མིའི་དགོས་མཁོ་གི་ ཚད་གཞི་མ་ཚངམ་ལས་ བསྐྱར་ཞིབ་ཚོགས་ཁང་གི་ ཁྱད་ཚད་མ་ལྡནམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

པདྨ་དགའ་ཚལ་གྱི་ རྒེད་འོག་༡༡ ལས་ གདམ་ངོ་༣ ཐོན་ཡོདཔ།

༢༥/༣/༢༠༡༣    ༉ པདྨ་དགའ་ཚལ་རྫོང་ཁག་ནང་ རྒེད་འོག་༡༡ ཡོད་ས་ལས་ ད་ཚུན་ ན་ནོང་དང་ བདེ་ཆེན་ཆོས་གླིང་རྒེད་འོག་༢ ཀྱིས་ གདམ་ངོ་༢ གདམ་འཐུ་འབད་ཡོདཔ་ད་ མི་ངོ་༣ པ་ཨིན་མི་ ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་གྱི་ ཚོགས་རྒྱན་གྲུབ་འབྲས་དེ་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ གསལ་སྟོན་འབད་ནི་ཨིན་པས།
གདམ་ངོ་ཤེས་རབ་རྒྱ་མཚོ།
གདམ་ངོ་པདྨ་དབང་ཕྱུག།

ཚོགས་སྡེའི་འཐུས་མི་བགྲེསཔ་ཅིག་ རྒེད་འོག་ནང་ལས་ གདམ་འཐུ་གྲུབ་ཡོདཔ།

༢༥/༣/༢༠༡༣   ༉  གནས་ཡུན་མ་ཚང་བའི་ཧེ་མ་ལས་ དགོངས་ཞུ་འབད་དེ་ རྒེད་འོག་འཛོམས་འདུ་ནང་ བཅའ་མར་གཏོགས་པར་འོང་མི་ རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཊིན་ གུ་རུང་གིས་ ཁ་ཙ་ ཕུན་བརྟན་ཆུ་རྒེད་འོག་ནང་ལས་ ལོག་སྟེ་ར་ དོ་འགྲན་འབད་བའི་སྐབས་ རྒེད་འོག་འཛོམས་འདུ་ནང་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
ཕུན་བརྟན་ཆུ་རྒེད་འོག་གི་ འཛོམས་འདུ་རྐྱབ་པའི་བསྒང་།
གདམ་ངོ་ཇཱསི་ཊིན་ གུ་རུང་།

ཨ་ལན་ཅི་འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ།

༢༥/༣/༢༠༡༣    ༉ མཱན་བྷ་དུར་གྱིས་ སྐྱེས་ལོ་༡༨ ལས་ ཨ་ལན་ཅི་འཛུགས་སྐྱོང་འབད་ཐངས་ཚུ་ ཨ་པ་ལས་ལྷབ་པའི་ཤུལ་ལུ་ ད་ལྟོ་ཡང་གཡུས་ཁ་ལུ་ ཨ་ལན་ཅི་འཛུགས་སྐྱོང་འབད་དེ་ མི་ཚེ་སྐྱོང་སྡོད་ཡོདཔ་ཨིན་པས།
ད་ལྟོ་ཁོ་ སྐྱེས་ལོ་༥༦ ལང་རུང་ ཨ་ལན་ཅི་འཛུགས་སྐྱོང་ལུ་ བརྟེན་སྡོད་དོ་ཡོདཔ་ད་ རྫོང་ཁག་གི་མཐའ་ཟུར་གཡུས་ཚན་ ལྡན་ཅི་ཁ་རྒེད་འོག་ནང་ དངུལ་ཐོག་ཨ་ལན་ཅི་འཛུགས་སྐྱོང་འབད་མི་ ཁོ་ར་རྐྱངམ་ཅིག་ཨིནམ་ད་ གཡུས་ཚན་དེ་ རྡོ་རོ་ཁ་དྲུང་ཁག་ལས་ དུས་ཡུན་ཆུ་ཚོད་བཞི་དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ས་ཁར་ཡོདཔ་བཞིན་དུ་ རྡོ་རོ་ཁ་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༥༨ ཀྱི་ས་གནས་ནང་ ཆགས་ཡོདཔ་ཨིན་པས།

མཱན་བྷ་དུར་གྱིས་ འཛུགས་སྐྱོང་འབད་མི་ ཨ་ལན་ཅི།

ས་ཆའི་སྐྱིད་སྡུག་ལུ་བརྟེན་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི།

༢༥/༣/༢༠༡༣   ༉ སྐྱེས་ལོ་༥༠ ལང་མི་ དབྱངས་ཅན་མཚོ་མོ་དང་ སྐྱེས་ལོ་༤༦ ལང་མི་ པདྨ་བསྟན་འཛིན་༢ ཀྱིས་ ཁོང་རའི་ཨ་ལུ་༡༢ གསོ་སྐྱོང་འཐབ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་ནིའི་ མནོ་བསམ་ཡོད་རུང་ ས་ཞིང་མེདཔ་ལས་ མི་ཚེ་ག་དེ་སྦེ་ རྫོགས་ཚུགས་ག་ཟེར་བའི་ ཚ་གྱང་ལང་དགོཔ་བྱུང་ནུག།
གནས་གཡུས་ཚན་གྱི་ལྟག་ལུ་ སྐྱིད་སྡུག་སྦེ་གནང་མི་ ས་ཆའི་མཐོང་སྣང་།

མ་འོངས་ཡུན་གནས་ལུ་ ཕན་ཐོགས་ཡོད་རུང་ ད་ལྟོའི་གནས་སྟངས་ནང་དཀའ་ངལ།

༢༥/༣/༢༠༡༣   ༉ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ མ་འོངས་པའི་ནང་ རྒྱལ་ཁབ་ཀྱི་འོང་འབབ་ ལེགས་ཤོམ་བཟོ་ཚུགས་ནི་ཨིན་རུང་ གླང་ཐལ་དང་ བྲག་སྟེང་རྒེད་འོག་གི་ འཁོར་ལམ་བདའ་སྡོད་མི་ མི་སེར་ཚུ་ལུ་ ཐལཝ་གི་དཀའ་ངལ་ སྦོམ་སྦེ་ར་ཡོདཔ་ཨིན་པས། 

འབྲུག་མི་ཚུ་གིས་ སི་ལི་གུ་རི་ལུ་ རེ་ལི་ནང་ འགྱོ་དོ་ཡོདཔ།

༢༥/༣/༢༠༡༣   དེ་ཡང་ ཚོང་འབྲེལ་དང་ སྤྲོ་བཤལ་གྱི་དོན་ལུ་ འགྲུལ་འཁོར་བཱསི་ལས་ རེ་ལི་ནང་ འགྲོ་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་ཨིན་པས།
༉ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་གནས་ ནུབ་བེང་གཱལ་གྱི་ཁྲོམ་སྡེ་ ཇཱལ་པ་ཡེ་གུ་རི་ ཧཱཤ་མ་རའི་ རེ་ལི་ཐོན་འཛུལ་ས་ཁོངས་ནང་ འུར་སྒྲ་བྱུང་པའི་སྦུག་ལུ་ འབྲུག་མི་སྡེ་ཚན་ཅིག་ སི་ལི་གུ་རི་ལུ་ འགྱོ་ནིའི་དོན་ལས་ དྲོ་པ་ཧ་སག་ར་ རེ་ལི་ཅིག་ལུ་ བསྒུགས་སྡོད་ནུག།
འབྲུག་མི་ཚུ་ སི་ལི་གུ་རི་ལུ་ འགྱོ་ནིའི་དོན་ལས་ རེ་ལི་ནང་ འཛུལ་བའི་བསྒང་།

དོགས་ཅན་༨ འཛིན་བཟུང་འབད་ཡོདཔ།

༢༥/༣/༢༠༡༣   ༉ ལྷུན་རྩེའི་ ཁྲིམས་སྲུང་འགག་པ་གིས་ བྱང་ཆུབ་གླིང་གྲྭ་ཚང་ནང་ལས་ གླངམོ་ཆེ་གི་མཆེཝ་ཆ་༡ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་༨ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱ་ངན་ནང་ འབྲེལ་གཏོགས་འབད་མི་ཚུ་གི་གྲས་ལས་ ཕོ་སྐྱེས་༦ ཐིམ་ཕུ་དང་༢ ལྷུན་རྩེ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


རྩོམ་སྒྲིག་པའི་སྣང་འཆར།

༢༥/༣/༢༠༡༣    ཁྲིམས་ཡིག་དང་ སྒྲིག་གཞི་ཚུ་ ཁ་གསལ་དགོཔ།
༉ འབྲུག་གི་ སྤྱི་ཚོགས་དང་འབྲེལ་བའི་ དམངས་གཙོའི་གཞུང་གཞི་བཙུགས་འབདཝ་དང་འབྲེལ་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པ་གིས་ ཆ་འཇོག་གྲུབ་མི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་དེ་ ད་རིས་ ལོ་ལྔའི་གནས་ཡུན་ཚངམ་ཅིག་ དེ་གི་ནངས་པ་ བསྐྱར་འཛུགས་འབད་དགོཔ་ཨིན།

སྡེ་ཚན་ག་པ་ལས་ འབྲུག་ཨེསི་ཊར་གྱིས་ ཨང་དང་པ།

༢༥/༣/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ སྐྱེས་ལོ་༡༦ མན་ཆད་འབད་མི་ ཐིམ་ཕུ་ སྡེ་ཚན་ག་པའི་ཕུཊ་བཱོལ་རྩེད་འགྲན་ལས་ འབྲུག་ཨེསི་ཊར་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡི།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༣ རེས་གཟའ་ཉི་མ་ལུ་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ འབྲུག་ཨིསི་ཊར་གྱིས་ གཱོལ་༢ བཙུགས་ཏེ་ བློ་གསལ་གླིང་སྡེ་ཚན་ཕམ་བཏང་བའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཅི།


སྐྱབས་ཆ་གིས་ བཟའ་ཁང་གི་ འཛིན་སྐྱོང་པ་ གདམ་འཐུ་འབད་ཡོདཔ།

༢༥/༣/༢༠༡༣   ༉ ཁ་ཙ་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་རྒེད་འོག་གིས་ སྐྱེས་ལོ་༣༣ ལང་མི་ པདྨ་བསྟན་འཛིན་དེ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།
སྐྱབས་ཆ་རྒེད་འོག་གི་ གདམ་ངོ་བཙག་འཐུ་འབད་ནིའི་དོན་ལུ་ མི་སེར་ཚུ་ གྱལ་བསྒྲིགས་ཐོག་ལས་ ཚོགས་རྒྱན་བཙུགས་པར་ འགྱོ་བའི་བསྒང་།
རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་མི་ པདྨ་བསྟན་འཛིན་(གཡོན་ཁ་ཐུག)དང་ ཁོ་གི་དོ་འགྲན་པ་ ཀརྨ་རྡོ་རྗེ།

གནས་ཚུལ་མདོར་བསྡུས།

༢༣/༣/༢༠༡༣  
ཁ་ཙ་ སྤ་རོ་ཤར་རི་རྒེད་འོག་ གཡུས་བྱང་ས་ལས་ སྐྱེས་ལོ་༩༥ ལང་མི་ ཨ་རྒས་བཙན་སྐྱོགས་ཀྱིས་ ཁོ་རའི་ དབང་ཚད་ཐོག་ལུ་ཡོད་པའི་ ཚོགས་རྒྱན་ཕུད་རྡོག་གཅིགཔོ་དེ་ འཕྲོ་བརླག་མ་བཏང་པར་ ཚོགས་རྒྱན་བཙུགས་པའི་བསྒང་།
 

ཚེས་བཅུ་འགོ་བཙུགས་ཏེ་ མི་ལོ་༣༠༠ ལྷག་སོ་རུང་ ལྟདམོ་ལྟ་མི་ དུས་ཅི་བཟུམ་མེདཔ།

༢༣/༣/༢༠༡༣    ༉ མགར་ས་རྫོང་ནང་ ལོ་བསྟར་ཚེས་བཅུ་འགོ་བཙུགས་ཏེ་ མི་ལོ་༣༠༠ ལྷག་སོ་རུང་ ཚེས་བཅུ་མཇལ་བར་འོང་མི་ དུས་ཅི་བཟུམ་ མ་ཐོནམ་ལས་ རྫོང་ཁག་བདག་སྐྱོང་དང་ ཉེ་འདབས་ཀྱི་མི་ཚུ་ ཧ་ལས་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སྤྱི་ལོ་༣༠༡༡ ཚུན་ ཚེས་བཅུ་མཇལ་བར་འོང་མི་༡༠༠ དེ་ཅིག་ཡང་ འཛོམས་ནི་མེདཔ་ཨིན་རུང་ དུས་ཅི་ མི་༡,༠༠༠ ལྷགཔ་ཅིག་འཛོམས་ནུག།

མགར་སའི་ཚེས་བཅུ་ འགོ་དང་པ་ མཇལ་བར་འོང་མི་ ཟླ་བ་པདྨ།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ གནས་ཡུན་ཚང་ཞིནམ་ལས་ སྲིད་དོན་ནང་འཛུལ་ནི།

ཁྲི་འཛིན་རྣམ་རྒྱལ་དཔལ་འབྱོར།
༢༣/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ར་ ད་རེས་ནངས་པ་ འགོ་བཙུགས་བཞིན་དུ་ཡོད་པའི་ བཙག་འཐུའི་བྱ་རིམ་ཚུ་ནང་ བཅའ་མར་གཏོགས་ནི་གི་དོན་ལས་ དགོངས་ཞུ་འབད་བའི་ ནམ་དུས་ལུ་ བསྐྱར་ཞིབ་ཚོགས་ཁང་གི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ ཁོ་རའི་གནས་ཡུན་མ་ཚང་ཚུན་ཚོད་ སྡོད་ཞིནམ་ལས་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ སེམས་ཐག་བཅད་ནུག།

སོ་ནམ་པ་དང་ འཐུས་མི་བགྲེསཔ་གི་བར་ན་ དོ་འགྲན་འབད་ནི།

༢༣/༣/༢༠༡༣   ༉ ཁ་ཙ་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༩༠ དེ་ཅིག་ ཐོབ་ཐོག་ལས་ བཀྲིས་སྒང་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་དེ་ གཤོང་ཕུག་རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ནུག།
སངས་རྒྱས་བསྟན་འཛིན།
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ།

སྨད་ཝང་རྒེད་འོག་ལས་ ཚོགས་སྡེའི་གདམ་ངོ་ གདམ་འཐུ་གྲུབ་ཡོདཔ།

༢༣/༣/༢༠༡༣   ༉ ཁ་ཙ་ ཐིམ་ཁྲོམ་ སྨད་ཝང་རྒེད་འོག་གི་ ཚོགས་སྡེའི་དོན་ལུ་ འདེམས་ངོ་གཞོནམ་གཉིས་ལས་ གདམ་འཐུ་འབད་ནི་གི་དོན་ལུ་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༢༨ ལང་མི་ ཉི་མ་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༥༢ ཐོབ་སྟེ་ གདམ་འཐུ་གྲུབ་ཅི།
མི་སེར་ཚུ་གིས་ གདམ་ངོའི་ཚོགས་རྒྱན་བཙུགས་པའི་བསྒང་།

བཀྲིས་གཡང་རྩེ་གིས་ ཚོགས་སྡེའི་མི་ངོ་༢ གདམ་འཐུ་འབད་ཡོདཔ།

༢༣/༣/༢༠༡༣   ༉ བཀྲ་ཤིས་གཡང་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་ས་ལས་ འཇམ་མཁར་དང་ ཡ་ལང་རྒེད་འོག་༢ ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་མི་ངོ་༢ ཐོན་ཡོདཔ་ཨིན་རུང་ རྒེད་འོག་གཞན་ འབུམ་སྡེ་གླིང་དང་ ཁམས་དྭངས་ སྟོད་ཚོ་ སྟོང་མེད་བྱང་རྩེ་ དེ་ལས་ བཀྲ་ཤིས་གཡང་རྩེ་ཚུ་ལས་ མི་ངོ་མེདཔ་ཨིན་པས།
ཡ་ལང་རྒེད་འོག་གི་གདམ་ངོ་ སྐྱེས་ལོ་༤༠ ལང་མི་ བཀྲ་ཤིས་ཕུན་ཚོགས།
འཇམ་མཁར་རྒེད་འོག་གི་གདམ་ངོ་ སྐྱེས་ལོ་༤༤ ལང་མི་ ཀརྨ་རྒྱལ་མཚན།