གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་བགྲེསཔ་ བཙག་འཐུ་ནང་ལས་ཕམ་ཡོདཔ།

༢༣/༣/༢༠༡༣   ༉ ཁ་ཙ་ སྤ་རོ་རྫོང་ཁག་ དོཔ་ཤར་རི་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ གདམ་འཐུ་འབད་བའི་སྐབས་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༥༢༦ ཐོབ་སྟེ་ ཚོགས་སྡེའི་འཐུས་མི་བགྲེསཔ་ ཨོ་རྒྱན་ཚེ་རིང་ ཕམ་བཏང་ཡོདཔ་ཨིན།
གདམ་འཐུ་གྲུབ་མི་ བསོད་ནམས་དབང་ཕྱུག་(གཡོན་ཁ་ཐུག་)དང་ ཚོགས་སྡེའི་འཐུས་མི་བགྲེསཔ་ ཨོ་རྒྱན་ཚེ་རིང་།


དེ་སྦེ་ བསོད་ནམས་དབང་ཕྱུག་ལུ་ ཚོགས་རྒྱན་མངམ་སྦེ་ བཙུག་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ འདས་པའི་གནས་ཡུན་ནང་ ཨོ་རྒྱན་ཚེ་རིང་གིས་ ལེགས་ཤོམ་སྦེ་ ཕྱག་ཞུ་མ་ཚུགས་པའི་ ཚོར་སྣང་བྱུང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ ཐ་ན་ གཡུས་སྒོའི་མི་ རྒན་ཤོས་ཚུ་གིས་ཡང་ ཨོ་རྒྱན་ཚེ་རིང་གིས་ སྤྱི་ཚོགས་ནང་ ཡར་ལོང་སྟེ་ འབྲེལ་ཡོད་གནད་དོན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཞུ་ནི་མིན་འདུག་ཟེར་ སླབ་མས་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༧ ལུ་ ཨོ་རྒྱན་ཚེ་རིང་ལུ་ གོ་སྐབས་སྤྲོད་ཡོདཔ་ཨིན་རུང་ ཁོ་གིས་ མི་སེར་གྱི་ རེ་འདོད་དང་འཁྲིལ་ཏེ་ འབད་མ་ཚུགས་མི་ལུ་བརྟེན་ དུས་ཅི་ལས་ བསོད་ནམས་ཚེ་དབང་ལུ་ གོ་སྐབས་སྤྲོད་ནི་ཨིན་ཟེར་ཨིན་པས།
མ་གཞི་ ཚོགས་རྒྱན་དེ་ མི་ངོ་ཉམས་མྱོང་ཅན་ཚུ་ལུ་ བཙུགས་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་རུང་ མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་པའི་རེ་བ་དང་འཁྲིལ་ ད་རེས་ བསོད་ནམས་དབང་ཕྱུག་ལུ་ ཚོགས་རྒྱན་བཙུགས་ཡི་ཟེར་ཨིན་པས།
གཡུས་མི་གཞན་མི་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་སྐབས་ལུ་ མི་ངོ་དེ་ལུ་ ཉམས་མྱོང་ཡོད་མེད་ལུ་ མ་བལྟ་བར་ གོ་སྐབས་སྤྲོད་ཚུགས་པ་ཅིན་ ཉམས་མྱོང་ཚུ་ ལས་ཀྱིས་ར་ ཚུད་འོང་ཟེར་ཨིན་པས།
ད་རུང་གཡུས་མི་གཞན་ཅིག་གིས་འབད་བ་ཅིན་ ཁ་ཙ་ འཛོམས་འདུ་འགོ་མ་བཙུགསཔ་ལས་ མི་ངོ་༢ ཀྱིས་ གསལ་བཤད་འབད་བཅུག་པའི་སྐབས་ ཨོ་རྒྱན་ཚེ་རིང་གིས་ ངེ་གི་ཉམས་མྱོང་གི་ལོ་ཚད་དང་ བསོད་ནམས་དབང་ཕྱུག་གི་ སྐྱེས་ལོ་ འདྲན་འདྲ་བཟུམ་ཅིག་ ཡར་སོ་ཡི་ཟེར་ སླབ་མི་ལུ་བརྟེན་ སེམས་ཁར་མ་འབབ་ཟེར་ཨིན་པས།
གཡུས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ཁོང་གིས་ ཁོང་རའི་ སེམས་ཁར་འབབ་པའི་ མི་ངོ་དེ་ གདམ་འཐུ་འབད་ཚུགས་མི་ལུ་བརྟེན་ སེམས་དགའ་ཡོདཔ་ཨིན་རུང་ ད་ལས་ཕར་ རྫོང་ཁག་གི་གནས་ཚད་ནང་ མཐར་འཁྱོལ་ག་དེ་སྦེ་ འབྱུང་ཚུགས་འོང་ག་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས།
བཙག་འཐུ་གྲུབ་མི་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ རྒེད་འོག་གནས་ཚད་ནང་ལས་ ཁོ་གིས་ ངེས་ཏིག་རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་ རྒེད་འོག་གི་ མི་སེར་ཚུ་ལུ་ བློ་གཏད་ཡོདཔ་བཞིན་དུ་ བཙག་འཐུ་གྲུབ་ཅི་ཟེར་ཨིན་པས།
ད་ལས་ཕར་ ཁོ་ལུ་ འགན་ཁུར་ཐེབས་ཕོག་ཡོད་པའི་ ཚོར་སྣང་བྱུང་ཡོདཔ་མ་ཚད་ རྫོང་ཁག་གནས་ཚད་ནང་ བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ཨིན་པས།
ཁོ་ལུ་ ཚོགས་རྒྱན་བཙུགས་མི་ལུ་བརྟེན་ མི་སེར་ཚུ་ལུ་ དགའ་ཚོར་ཡོད་ཟེར་ཨིནམ་ད་ ཁོང་གིས་ ཁོ་ལུ་ བློ་གཏད་ཐོག་ལས་ ཚོགས་རྒྱན་བཙུགས་མི་དང་འཁྲིལ་ ཁོང་གི་རེ་བ་ཚུ་ སྟོང་ལོག་མི་བཏང་ནིའི་དོན་ལུ་ རྩ་འགེངས་ཏེ་ ཕྱག་ཞུ་འོང་ཟེར་ཨིན་པས།
སྤ་རོ་རྫོང་ཁག་ནང་ ཚོགས་སྡེའི་བཙག་འཐུ་དོན་ལུ་ འཛོམས་འདུ་ཚུ་ ཁ་ཙ་ དོཔ་ཤར་རིའི་རྒེད་འོག་ནང་སྦེ་ མཇུག་བསྡུ་ཡོདཔ་ད་ ཤར་རི་རྒེད་འོག་དེ་ མི་ངོམ་༢ ཡོད་པའི་རྒེད་འོག་ ཕུད་རྡོག་གཅིག་ཨིན་པས།
དེ་བཟུམ་སྦེ་ ཧཱུཾ་རལ་དང་ རྡོ་སྟེང་ ཤར་པ་ རྡོ་སྒར་ དེ་ལས་ བཙན་ཏོག་རྒེད་འོག་ཚུ་ནང་ མི་ངོམ་ཕུད་རྡོག་གཅིག་ཡང་ མ་ཐོནམ་ད་ གཞན་མི་རྒེད་འོག་ཚུ་ནང་ལས་ མི་ངོམ་རེ་རེ་ ཐོན་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་ཆོག་མི་༡༧,༢༥༧ ཡོད་ས་ལས་༡,༥༨༥ དེ་ཤར་རི་རྒེད་འོག་ནང་ ཨིན་པས།
སྤ་རོ་ལུ་ རྒེད་འོག་༡༠ ཡོདཔ་བཞིན་དུ་ ལམ་གོང་རྒེད་འོག་ལས་ ཨོ་རྒྱན་ཚེ་རིང་དང་ ཝང་ལྕང་ལས་ ཀ་ཀ་ཚེ་རིང་ ལུགས་གཉིས་ལས་ ཚེ་དབང་ནོར་བུ་ དེ་ལས་ ནཱ་རྒྱ་རྒེད་འོག་ལས་ ཀུན་ལེགས་རྡོ་རྗེ་ཚུ་ གདམ་འཐུ་གྲུབ་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment