གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༣/༢༠༡༣   རྒྱལ་ཁབ་དང་ མི་སེར་གྱི་རྒྱུ་དངོས་ མ་འོངས་པའི་དོན་ལུ་ བདག་འཛིན་འཐབ་དགོཔ།
༉ བདུན་ཕྲག་འདི་ནང་ བློན་ཆེན་མཆོག་གིས་ ཐིམ་ཕུ་ལུ་ སྒེར་སྡེ་ཚུ་དང་ གྲོས་བསྡུར་གནང་པའི་སྐབས་ ས་གཏེར་གྱི་ གནད་དོན་སྐོར་ གསུང་གྲོས་གནང་མི་འདི་ དུས་ཐོག་ལུ་ཨིན་མས།
དེ་ཡང་ སྒེར་སྡེའི་ཁ་ཐུག་ལས་ ས་གཏེར་དང་འབྲེལ་བའི་ལས་སྣ་ཚུ་ བཀག་ཆ་མ་འབད་བར་ ལོག་འགོ་བཙུགས་གནང་དགོ་པའི་ གྲོས་འཆར་ཕུལ་མིའི་ལན་ལུ་ བློན་ཆེན་གྱིས་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་མེདཔ་བཏང་པའི་ ས་གཏེར་གྱི་ ལས་སྣ་ཚུ་གི་ཐད་ལུ་ དམ་སྒྲིང་འབད་འོང་ཟེར་ དོགས་སེལ་གནང་ཡི།



ས་གཏེར་དང་ གཏེར་ཁའི་རིགས་ག་ཅི་ར་ཨིན་རུང་ ཁེ་ཕན་ཆེ་བའི་ ཚོང་འབྲེལ་ཅིག་ཨིན་རུང་ དེ་གིས་ རྒྱུ་སྟོབས་ཡོད་མི་རེ་གཉིས་ལུ་མ་གཏོགས་ སྤྱིར་བཏང་མི་སེར་ལུ་ དངུལ་འབྲེལ་གྱི་ ཁེ་ཕན་དུམ་གྲ་ཅིག་ལས་བརྒལ་མེདཔ་ལས་ རྒྱལ་ཡོངས་ཀྱི་ རྒྱུ་དངོས་དེ་ མི་གཅིག་དང་ གཉིས་ཀྱི་མིན་པར་ འབྲུག་པའི་མི་སེར་ཡོངས་ཀྱི་ཨིནམ་ལས་ ཆ་མཉམ་ལུ་ ཁེ་ཕན་འདྲན་འདྲ་སྤྱོད་དགོཔ་ཨིན།
འདི་འབདཝ་ད་ ས་གཏེར་གྱི་ ལཱ་ཚུ་ལུ་བརྟེན་ ཉེ་འདབས་ཀྱི་ མི་སྡེ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་དང་ འཚོ་སྐྱོང་ལུ་ ཐོ་ཕོག་ཡོད་མི་གིས་མ་ཚད་པར་ འབྲུག་གི་ས་ཆའི་གནས་སྟངས་ཚུ་ ས་རུད་ཆད་དོ་བཟུམ་བཟོ་སྟེ་ ལོག་ཉམས་བཅོས་འབད་མ་བཏུབ་བཟོ་མི་ལུ་ལྟཝ་ད་ སེམས་ཕམ་བྱུངམ་ཨིན་མས།
བློན་ཆེན་གྱིས་ ཁོ་གི་ གཞུང་སྐྱོང་གནས་ཡུན་སྐབས་ ས་གཏེར་གྱི་ ལས་སྣ་ཚུ་ སྒྲིང་སྒྲིང་འབད་ར་ དམ་འཛིན་འབད་ནི་ཨིནམ་ལས་ སྲིད་བྱུས་ལུ་ བསྒྱུར་བཅོས་མེད་ཟེར་ ནན་བསྐྱར་དུ་གསུངས་ཡི།
ས་གཏེར་ལུ་བརྟེན་པའི་ གནོད་པ་ཡོད་མིའི་སྐོར་ བློན་ཆེན་གྱིས་ གསུངས་མི་ལུ་ བདེན་པ་ཡོད་མི་དེ་ཡང་ ས་གཏེར་གྱི་ ལཱ་ལུ་བརྟེན་ མཐའ་འཁོར་གནས་སྟངས་གནོད་སྐྱོན་རྐྱབ་མ་ཚད་ ས་གཏེར་ལཱ་ནང་ འབྲེལ་འཛིན་འབད་མི་ཚུ་མ་གཏོགས་ ས་གནས་ཀྱི་ མི་སེར་ག་ར་ལུ་ ཁེ་ཕན་འབྱུང་ནི་མེདཔ་ཨིན།
འདས་པའི་ལོ་ངོ་དག་པ་ཅིག་ལས་ གཏེར་ཁ་དང་ ཡང་ཅིན་ རྡོ་བཏོན་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནིའི་དོན་ལུ་ ས་གནས་ཀྱི་ མི་སྡེ་ཚུ་ལས་ གནང་བ་ལེན་དགོཔ་ བཟོ་མི་དེ་གིས་ ཁོང་གི་ས་གོ་ནང་ མཐུན་རྐྱེན་ཚུ་དགོ་པའི་ མཁོ་འདོད་བཀོད་ནི་གི་ གོ་སྐབས་བྱིནམ་ཨིན་མས།
འདས་པའི་ལོ་༥ འི་རིང་ལུ་ རྡོ་བཏོན་འཕྲུལ་ཁང་གཞི་བཙུགས་ཀྱི་ ཆོག་ཐམ་ཚུ་ སྤྲོད་ཡོད་རུང་ གཞུང་གྱི་ལས་འགུལ་ དཔེར་ན་ ལོ་ཅིག་ནང་ ཙུ་ནི་རྡོ་ཊཱན་ས་ཡ་༢ དེ་ཅིག་ ཕྱིར་བཏོན་འབད་ནི་ཨིན་མི་ གདུང་བསམ་རྩི་ས་ལས་འགུལ་བཟུམ་ཨིན་ན་མ་གཏོགས་ ས་གཏེར་ལས་དོན་སྦོམ་སྦེ་ ལག་ལེན་འཐབ་ནི་གི་ ཆོག་ཐམ་ཚུ་ མ་སྤྲོད་པས།
འདི་འབདཝ་ད་ ས་གཏེར་དང་འབྲེལ་བའི་ དཀའ་ངལ་ཐོན་མི་ཚུ་ གཙོ་བོ་ར་ ཁྲིམས་ལུགས་ཚུ་ དམ་སྒྲིང་སྦེ་ ལག་ལེན་མ་འཐབ་མི་ལུ་བརྟེན་ ངན་ལྷད་དང་ ཆོག་ཐམ་ཚུ་ གཞན་ལུ་སྤྲོད་དེ་ ས་གཏེར་ཚུ་ ཕྱིར་བཏོན་འབད་བཅུག་ནི་དེ་གིས་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ རྒྱུ་ནོར་ཚུ་ ཡུན་བརྟན་ཐོག་སྤྱོད་དེ་ སྤྱིར་བཏང་མི་མང་ལུ་ ཕན་ཐོགས་འབྱུང་དགོ་པ་ཅིན་ ས་གཏེར་གྱི་ ཁྲིམས་ལུགས་དང་ སྒྲིག་གཞི་ཚུ་ སྒྲིང་སྒྲིང་སྦེ་ བསྟར་སྤྱོད་འབད་དགོཔ་མ་ཚད་ ས་གཏེར་ཕྱིར་བཏོན་འབད་སའི་ ས་ཁོངས་ཚུ་ནང་སྡོད་མི་ མི་སྡེ་ཚུ་ཡང་ ཡར་རྒྱས་འགྱོ་ཚུགསཔ་ ངེས་བརྟན་བཟོ་ནི་དང་འབྲེལ་ ས་གཏེར་ཚུ་ བསྐལ་པ་མ་སྟོང་གི་བར་དུ་ རྒྱལ་ཁམས་ཀྱི་ མ་འོངས་བུ་བརྒྱུད་ཚུ་ལུ་ཡང་ འཐོབ་སྤྱོད་ཡོདཔ་ བཞག་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment