གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ བང་ལ་དེཤ་བར་ནའི་ ཚོང་འབྲེལ་གོང་འཕེལ་ལུ་ ཐབས་ལམ་བཏོན་དོ་ཡོདཔ།

༢༩/༣/༢༠༡༣   ༉ ད་རེས་ཁམས་ ཌ་ཀ་ལུ་སྦེ་ བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་གནས་ཚད་ཐོག་ ཞལ་ཛོམས་འཚོགས་པའི་སྐབས་ བང་ལ་དེཤ་གཞུང་གིས་ ཁོང་གི་ ན་ཀུ་གའོན་དང་ ཧ་ལུ་བ་གཱཊི་ལུ་ཡོད་པའི་ སྐྱེལ་འདྲེན་ས་ཁོངས་ ཅ་དམ་ཡིག་ཚང་ཚུ་བརྒྱུད་དེ་ ཚོང་འབྲེལ་འཐབ་ཆོག་པའི་ གནང་བ་བྱིན་མི་དེ་ འབྲུག་པའི་ནང་འདྲེན་པ་དང་ ཕྱིར་ཚོང་འཐབ་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་པས།


འབྲུག་པའི་འཐུས་མི་༩ འབད་མི་ སྡེ་ཚན་འགོ་ཁྲིད་འབད་མི་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ གྲུབ་འབྲས་དེ་ རྒྱལ་ཁབ་༢ ཀྱི་བར་ན་ ཚོང་འབྲེལ་གོང་འཕེལ་གཏང་ནི་ལུ་ ཐབས་ལམ་ལེགས་ཤོམ་ཅིག་ ཨིན་པས་ཟེར་ཨིན་མས།
སྡེ་ཚན་དེ་ནང་ སོ་ནམ་ལྷན་ཁག་དང་ ཕྱི་འབྲེལ་ལྷན་ཁག་ཚུ་ལས་ འགོ་དཔོན་གོངམ་ཚུ་སོང་ཡོདཔ་ད་ བང་ལ་དེཤ་གི་སྡེ་ཚན་དེ་ བསྟན་རྒྱས་དྲུང་ཆེན་ མཱ་བུབ་ ཨ་མེཌ་གིས་ འགོ་ཁྲིད་འབད་ཡོདཔ་ཨིན་པས།
དྲགོས་བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ཞལ་འཛོམས་ཀྱི་སྐབས་ལུ་ ཆུ་ཐོག་སྐྱེལ་འདྲེན་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ ཟུང་ཕྱོགས་ཚོང་ཆས་སྐྱེལ་འདྲེན་གྱི་དོན་ལུ་ ཚོང་འབྲེལ་གྱི་ལམ་ མོང་ལ་དང་ ཅི་ཏ་གོང་ གྲུ་ཆགས་ས་ཚུ་ཡང་ ལག་ལེན་འཐབ་ཆོགཔ་སྦེ་ བཟོ་ནིའི་ ལཱ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
དེ་གི་དོན་ལུ་ སྡེ་ཚན་ཅིག་བཟོ་ཞིནམ་ལས་ འབྲུག་གིས་ཕུལ་མི་ ཆུ་ཐོག་སྐྱེལ་འདྲེན་ཚུ་ ལག་ལེན་འཐབ་ནི་ལུ་ འོས་འབབ་ཡོད་མེད་ཀྱི་ གྲོས་འཆར་སྐོར་ལས་ དབྱེ་ཞིབ་འབད་དེ་ སྙན་ཞུ་ཚུ་ སྤྱི་ཟླ་༦ པ་ མཇུག་བསྡུ་ཁམས་ལུ་ བཙུགས་དགོཔ་ཨིན་ཟེར་ དྲགོས་བསོད་ནམས་ཚེ་རིང་གིས་སླབ་ཅི།
གལ་སྲིད་ འབྲུག་ལས་ ཤིང་འབྲས་ཨེ་པཱལ་དང་ ཚལ་ལུ་ཚུ་ གྲུ་ཚུ་ནང་སྦེ་ སྐྱེལ་འདྲེན་འབད་བ་ཅིན་ ད་རེས་ སྣུམ་འཁོར་ནང་ སྐྱེལ་འདྲེན་འབད་མི་དང་ཕྱདཔ་ད་ སྐྱེལ་འདྲེན་གྱི་ཟད་འགྲོ་ཚུ་ བརྒྱ་ཆ་༥ གིས་ མར་འབབ་འགྱོ་ནི་ཨིན་པས།
ད་རེས་འབད་བ་ཅིན་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༧༥༠ གི་ས་ཁར་ཡོད་མི་ ཀཱོལ་ཀ་ཏའི་ གྲུ་ཁང་ནང་བསྐྱལ་ཏེ་ དེ་ནང་ལས་ ཅ་ཆས་ཚུ་ག་ར་ བང་ལ་དེཤ་ལུ་ བསྐྱལ་ནིའི་དོན་ལུ་ དུས་ཡུན་བདུན་ཕྲག་༢ དང་༣ རེ་ འགོར་མི་དེ་ ཅི་ཏ་གོང་དང་ མོང་ལ་ཚུ་ལས་ བདུན་ཕྲག་༡ གི་ནང་ སྐྱེལ་འདྲེན་འབད་ཚུགས་ནི་ཨིན་པས།
དྲགོས་བསོད་ནམས་བསྟན་འཛིན་གྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ང་བཅས་ཀྱིས་ རྡོ་སྦོམ་ཚུ་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་རུང་ ད་རེས་ ཕྱིར་ཚོང་གི་ཐོ་ནང་ རྡོ་སྦོམ་ཚུ་གི་ཚབ་ལུ་ རྡོ་རུ་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
སྤྱི་༡༩༩༠ གོ་གྲངས་ཚུ་ནང་ འབྲུག་པའི་གཏེར་ཁ་ཚུ་ རྡོ་སྦོམ་གྱི་གཟུགས་སུ་ ཕྱིར་ཚོང་འཐབ་ཡོད་རུང་ ཤུལ་ལས་ གཏེར་ཁའི་སྲིད་བྱུས་དང་འཁྲིལཝ་ད་ གཏེར་ཁ་ཚུ་ དུམ་གྲ་ཅིག་གིས་ བསྒྱུར་བཅོས་འབད་ཐོག་ལས་རྐྱངམ་གཅིག་ ཕྱིར་ཚོང་འཐབ་དགོཔ་ཡོད་མི་ལུ་བརྟེན་ བང་ལ་དེཤ་གི་གཞུང་གིས་ ཚོང་ཁྲལ་ཡངས་ཆག་ མ་བྱིནམ་ཨིན་པས།
དེ་བཟུམ་སྦེ་ ཧེ་མ་འབད་བ་ཅིན་ ཐང་ཆུ་དང་ ཕེ་རོ་སི་ལི་ཀཱོན་ཚུ་ ཕྱིར་ཚོང་འཐབ་ཡོདཔ་ད་ ད་རེས་དེ་ཚུ་ ཕྱིར་བཏོན་འབད་ཞིནམ་ལས་ དེ་གི་ཚབ་ལུ་ ཀེ་བ་སོན་དང་ པེ་རིསི་སྦྱར་རྩི་ཚུ་ བཙུགས་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ཞལ་འཛོམས་དེ་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་གིས་ བང་ལ་དེཤི་ལུ་ རྩི་ས་ཀི་ལིང་ཀར་དང་ ཀེ་བ་སོན་ དེ་ལས་ པེ་རིསི་སྦྱར་རྩི་ཚུ་བརྩིས་པའི་ ཐོན་སྐྱེད་༦ དེ་ཅིག་ གདམ་ཁ་སྦེ་བྱིན་ཡོདཔ་ཨིན་པས།
ཐོ་དེ་ནང་ཚུད་པའི་ ཅ་ཆས་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་པའི་སྐབས་ ཁྲལ་ཚུ་ མི་ཕོག་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་༢ ཆ་རའི་ཧོངས་ལས་ མཉམ་འབྲེལ་སྡེ་ཚན་རེ་བཟོ་སྟེ་ སྐྱེལ་འདྲེན་གན་ཡིག་ཟིན་བྲིས་དང་ གན་ཡིག་གི་བྱ་སྒོ་ཚུ་ མཐའ་བཅད་བཟོ་ནི་སྦེ་ ཁན་འཆམ་ཡོདཔ་ཨིན་པས།
སྐྱེལ་འདྲེན་གན་ཡིག་དང་ གན་ཡིག་གི་བྱ་སྒོ་དང་པ་དེ་ སྤྱི་ལོ་༡༩༨༠ ལུ་ མཚན་རྟགས་བཀོད་དེ་ སྤྱི་ལོ་༢༠༠༠ ལུ་ དུས་ཚོད་ལས་ འབྱིད་ཡོདཔ་ད་ མ་གཞི་ གན་ཡིག་དེ་ དུས་མཐུན་སྦེ་ སྡོད་པའི་སྐབས་ལུ་ཡང་ ལག་ལེན་འཐབ་མ་ཚུགས་པར་ ལུས་ནུག་ཟེར་ དྲུང་ཆེན་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ ད་རེས་ཁམས་ བང་ལ་དེཤ་གཞུང་གིས་ འབྲུག་ལུ་ མཚན་རྟགས་བཀོད་ནིའི་དོན་ལུ་ སྐྱེལ་དྲེན་ཆིངས་ཡིག་ཟིན་བྲིས་ཀྱི་འདྲ་ཅིག་ བྱིན་ཡོདཔ་ཨིན་རུང་ ད་རེས་ གཞུང་རྩ་གྲོལ་འགྱོ་རན་མི་ལུ་བརྟེན་ དུས་ཅིའི་ལོ་ནང་ འགོ་འདྲེན་འཐབ་ནི་སྦེ་ ཕར་ཕུད་རྐྱབ་བཞག་ཡོདཔ་ད་ ཞལ་འཛོམས་ཀྱི་སྐབས་ གཞན་ཡང་ ཁག་ཆེ་བའི་གནད་དོན་ ལེ་ཤ་ཅིག་ར་ གྲོས་བསྡུར་འབད་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment