གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་འོངས་པའི་དོན་ལུ་ ས་གཏེར་ཚུ་ དམ་འཛིན་འབད་དགོཔ་ཁག་ཆེཝ།

༢༢/༣/༢༠༡༣   ༉ རྒྱལ་ཁབ་ཀྱི་ས་གཏེར་ཚུ་ ཁྱོད་དང་ངེ་གི་རྒྱུ་ཆས་ཅིག་ རྩ་ལས་ར་མེན་ཟེར་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ ཁ་ཙ་ ཐིམ་ཕུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ སྒེར་སྡེ་དང་ གཞུང་གི་བར་ནའི་ ཞལ་འཛོམས་སྐབས་ལུ་གསུངས་ཡི།


འགན་འཁྲི་ཚུ་ སེམས་ཁར་བཞག་སྟེ་ ཕྱག་ཞུ་ཤེས་མི་ གཞུང་འབད་བ་ཅིན་ ས་གཏེར་ཟེར་བའི་སྐབས་ གཏེར་ཁའི་རིགས་ ག་ཅི་བཟུམ་ཨིན་རུང་ མི་ཅིག་དང་གཉིས་ཀྱིས་ བང་བཏབ་དགོཔ་ད་ གཅིག་དང་གཉིས་ཀྱིས་ དབང་ཆོག་པའི་རྒྱུ་མེན་པར་ མི་སེར་གྱི་ རྒྱུ་དངོས་ཅིག་ཨིནམ་སྦེ་ ཆ་བཞག་འོང་ཟེར་ ཁོ་གིས་གསུངས་ཡི།
དེ་མ་ཚད་ ས་གཏེར་ཚུ་ལུ་བརྟེན་ ད་རེས་ང་བཅས་ཀྱིས་ ཁེ་སང་བཟོ་སྟེ་ བཟའ་དོ་བཟུམ་སྦེ་ བསྐལ་པ་མ་སྟོང་གི་བར་དུ་ རྒྱལ་ཁབ་ཀྱི་ མ་འོངས་བུ་བརྒྱུད་ཚུ་གིས་ཡང་ འཐོབ་ཚུགསཔ་སྦེ་ བཞག་དགོ་ཟེར་ཨིན་པས།
དེ་དང་འཁྲིལ་ ཚོང་པ་ཚུ་ལུ་དགོཔ་གཙོ་བོ་དེ་ ཁེ་སང་ཆེ་བའི་ ས་གཏེར་ཚུ་ཨིནམ་ལས་ ད་རེས་ སྒེར་སྡེ་ཅིག་དང་གཉིས་ཀྱིས་ གཞུང་གིས་ ང་བཅས་ལུ་ རྒྱབ་སྐྱོར་མི་འབད་བས་ཟེར་སླབ་མི་དེ་ ས་གཏེར་ཚུ་ ཁོང་ལུ་མི་བྱིན་པས་ཟེར་བའི་ ལོ་རྒྱུས་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་མ་ཚད་ གལ་སྲིད་གཏེར་ཁ་ཚུ་ སྒེར་སྡེ་ལུ་ སྤྲོད་དཔ་འདྲཝ་ཅིག་འབད་བ་ཅིན་ དེ་ཚུ་ མི་དྲག་དྲགམ་དག་པ་ཅིག་གི་ ལག་པར་ཚུད་དེ་ མི་སེར་ཉམ་ཆུང་ཚུ་གི་ ལག་པར་ མི་ལྷོད་ཟེར་གསུངས་ཡི།
ས་གཏེར་དེ་ ང་བཅས་ཀྱིས་ ག་དེ་དྲག་དྲག་ དམ་འཛིན་འབད་དགོཔ་བཞིན་དུ་ གཞུང་གིས་ དམ་སྒྲིང་ཐོག་ལས་ བདག་འཛིན་ག་དེམ་ཅིག་འཐབ་རུང་ དབང་ཚད་ཡོད་མི་དང་ རྒྱུ་ཡོད་མི་ དེ་ལས་ ཁ་དབང་ཡོད་མི་ མི་རེ་རེ་གཉིས་གཉིས་ལུ་ ལེ་ཤ་ཅིག་ར་ ཤོར་སོ་ཡི་ཟེར་ཨིནམ་ད་ གཞན་འབད་བ་ཅིན་ ས་གཏེར་དེ་ རྒྱལ་ཁབ་ཀྱི་ རྒྱུ་དངོས་འབདཝ་ལས་ གཞུང་གི་ཕྱག་ལུ་བཞག་ཞིནམ་ལས་ དེ་ལུ་བརྟེན་ཏེ་ཐོབ་མི་ ཁེ་སང་ཚུ་ཡང་ དངུལ་རྩིས་ལྷན་ཁག་ལུ་ ཕུལ་དགོ་ནི་ཨིན་མས་ཟེརགསུངས་ཡི།
བློན་ཆེན་གྱིས་ བཤད་མིའི་ནང་ ས་གཏེར་ཚུ་ སྒེར་སྡེ་ལུ་སྤྲོད་པའི་སྐབས་ རྒྱུ་རྡོ་སྦེ་ བཏོན་པའི་ཤུལ་ལུ་ ཐོན་སྐྱེད་གཞན་ཚུ་ལུ་ བསྒྱུར་བཅོས་འབད་དེ་ ཚོང་འབྲེལ་འཐབ་དགོཔ་ལས་ ཐོན་སྐྱེད་བསྒྱུར་བཅོས་ཀྱི་ ལཱ་ཚུ་འབད་བའི་སྐབས་ ཆུ་དང་ རླུང་ དེ་ལས་ དེ་ནང་ལཱ་འབད་མི་ཚུ་གི་ ཚེ་སྲོག་ལུ་ ག་དེམ་ཅིག་གནོདཔ་ཨིན་ན་ བལྟ་དགོཔ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་འདི་ དམངས་གཙོའི་གཞུང་འབད་ནི་དེ་གིས་ མ་འོངས་པའི་གཞུང་ཚུ་གིས་ ག་དེ་སྦེ་མཛད་འོང་ག་ སླབ་མ་ཤེས་རུང་ ད་རེས་ཀྱི་གཞུང་གིས་ དེ་གི་ཐད་ཁར་ ཕྱག་ལཱ་གནང་ཐངས་ མ་འཛོལ་ཟེར་གསུངས་ཡི།
དེ་ཡང་ ཞལ་འཛོམས་ཀྱི་སྐབས་ ཚོགས་སྡེའི་ཧོངས་ལས་ སྒེར་སྡེ་ཚུ་གིས་ ལཱ་འབད་བའི་སྐབས་ བྱ་སྟབས་མ་བདེཝ་དང་ ཚ་གྱང་ཡོད་ལུགས་ཚུ་གི་སྐོར་ལས་ གསལ་ཞུ་འབད་མི་དང་འཁྲིལ་གསུངས་ཡི།
ཚོགས་སྡེའི་ཧོངས་ལས་ རྒྱལ་ཁབ་ནང་ ད་རེས་ རུ་པི་མ་ལང་པའི་ དཀའ་ངལ་ཡོད་མི་དང་འཁྲིལ་ གཞུང་གིས་ སྤྱི་ལོ་༢༠༢༠ ལུ་ གློག་མེ་འཕྲུལ་ཁང་ཚུ་ མཇུག་བསྡུ་སྟེ་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལུ་ རུ་པི་ཚུ་ མངམ་འཐོབ་ཚུགས་ནི་ཨིནམ་སྦེ་ སླབ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༢༠ ཚུན་ ད་རུང་ ལོ་༧ དེ་ཅིག་ཡོདཔ་ལས་ དེ་ཅིག་གི་རིང་ལུ་ ག་དེ་སྦེ་འབད་ཚུགས་གའི་ ཚ་གྱང་ཡོད་ཟེར་ཞུ་ཡི།
ཨིན་རུང་ བློན་ཆེན་གྱིས་ དང་ཕུ་འབད་བ་ཅིན་ བུ་ལོན་ཡོད་པའི་མི་དེ་ སྤྱང་ཀ་སྦེ་ བརྩིཝ་ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ བུ་ལོན་མེད་པ་ཅིན་ སྤྱང་ཀ་སྦེ་ བརྩི་འོང་ཟེར་གསུངས་ཡི།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ཁྲི་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ སྒེར་སྡེ་དེ་ རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ ཐབས་ལམ་གཙོ་ཅན་ཅིག་ཨིནམ་ལས་ རྒྱབ་སྐྱོར་འབད་འོང་ཟེར་ ལོག་ཅི་ར་གསུངས་ཡོདཔ་ཨིན་རུང་ ལག་ལེན་གྱི་ཐད་ལུ་ལྷོདཔ་ད་ ཐ་ན་ ལྷན་ཁག་ཚུ་གི་བར་ན་ཡང་ སྲིད་བྱུས་ཚུ་ མ་འདྲཝ་སྦེ་ ཐོན་མི་ལུ་བརྟེན་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
དེ་དང་གཅིག་ཁར་ ཚོགས་སྡེ་གིས་ ལྟ་བཤལ་ལས་སྡེའི་དོན་ལུ་ བཟའ་ཁང་ཆུང་བ་ཚུ་ལུ་ ཐབ་ཚངཔ་མཁས་མཆོག་ ཐོབ་མ་ཚུགསཔ་ད་ རྒྱལ་ཁབ་ནང་ བསྐྱིན་འགྲུལ་མཚམས་འཇོག་འབད་མི་ དེ་ལས་ སྣུམ་འཁོར་གྱིས་གཙོས་པའི་ ཅ་ཆས་ནང་འདྲེན་ འབད་མ་ཆོག་མི་ཚུ་ལུ་བརྟེན་ དཀའ་ངལ་ཚུ་ བྱུང་དོ་ཡོད་པའི་སྐོར་ལས་ཞུ་ཡི།
ཨིན་རུང་ བློན་ཆེན་མཆོག་གིས་ ད་ལྡོ་ཚུན་ འཆར་གཞི་གཞན་ཚུ་དང་ཕྱདཔ་ད་ སྦོམ་ཤོས་ཅིག་ཨིན་མི་ འཆར་གཞི་༡༠ པ་དེ་ཡང་ ལེགས་ཤོམ་སྦེ་ མཇུག་བསྡུ་རན་ཡོདཔ་ད་ དེ་ནང་ སྒེར་སྡེ་ཚུ་གིས་ཡང་ རྒྱབ་སྐྱོར་སྦོམ་སྦེ་ར་ འབད་ཡོད་མི་ལུ་ ངལ་རངས་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment