གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་ཆ་གིས་ བཟའ་ཁང་གི་ འཛིན་སྐྱོང་པ་ གདམ་འཐུ་འབད་ཡོདཔ།

༢༥/༣/༢༠༡༣   ༉ ཁ་ཙ་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་རྒེད་འོག་གིས་ སྐྱེས་ལོ་༣༣ ལང་མི་ པདྨ་བསྟན་འཛིན་དེ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།
སྐྱབས་ཆ་རྒེད་འོག་གི་ གདམ་ངོ་བཙག་འཐུ་འབད་ནིའི་དོན་ལུ་ མི་སེར་ཚུ་ གྱལ་བསྒྲིགས་ཐོག་ལས་ ཚོགས་རྒྱན་བཙུགས་པར་ འགྱོ་བའི་བསྒང་།
རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་མི་ པདྨ་བསྟན་འཛིན་(གཡོན་ཁ་ཐུག)དང་ ཁོ་གི་དོ་འགྲན་པ་ ཀརྨ་རྡོ་རྗེ།


དེ་ཡང་ གདམ་ངོ་པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་༦༡༠ ཐོབ་ཡོདཔ་ད་ ཁོ་གི་ དོ་འགྲན་པ་ ཀརྨ་རྡོ་རྗེ་གིས་ ཚོགས་རྒྱན་༣༦༦ ཐོབ་ཡོདཔ་བཞིན་དུ་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་ལྡན་མི་༢,༠༧༣ ཡོད་མི་ལས་ སྤྱི་འོག་༦ ལས་ མི་སེར་༩༧༦ གིས་ འཛོམས་འདུའི་བཙག་འཐུ་ནང་ བཅའ་མར་བཏོགས་ཅི།
ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་གོང་མའི་ཤེས་ཚད་ཡོད་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ མི་སེར་གྱིས་ ཁོ་གདམ་འཐུ་འབདཝ་ལས་ སེམས་དགའ་ཡོདཔ་ཨིན་རུང་ ཁོ་གི་ བྱང་ཕྱད་དེ་ ཁོ་རའི་ ཆ་རོགས་ལེགས་ཤོམ་ཅིག་ཨིནམ་ལས་ ཨ་ཙི་ཅིག་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ མི་སེར་གྱིས་ ཁོ་ གདམ་ཁ་རྐྱབ་ཡོདཔ་ལས་ མི་སེར་གྱི་ རེ་བ་དང་འཁྲིལ་ ངོས་ལེན་འབད་དགོ་པས་ཟེར་ འདས་པའི་ལོ་༡༠ གྱི་རིང་ ཨུ་མ་བཟའ་ཁང་ནང་ མི་སྟོབས་འགོ་དཔོན་དང་ སློབ་སྦྱོང་མདོ་ཆེན་སྦེ་ ལཱ་འབད་མི་ པདྨ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གནས་རིམ་གྱི་ བཙག་འཐུའི་དོན་ལུ་ ཉེ་བར་མཁོ་བའི་ ཡིག་ཆའི་རིགས་ཚུ་ གྲ་སྒྲིག་འབད་ནི་དང་ དུས་ཚོད་ཐོབ་པ་ཅིན་ རྫོང་ཁག་གི་ རྒེད་འོག་༡༠ ནང་ ལྟ་སྐོར་འབད་དེ་ མི་སེར་ཚུ་ལུ་ ཁོ་རའི་སྐོར་ ངོ་སྤྲོད་འབད་འོང་ཟེར་ཨིནམ་ད་ རྒེད་འོག་ཆ་མཉམ་ནང་འགྱོཝ་ད་ མི་སེར་༢༡,༠༠༠ དེ་ཅིག་དང་ ཕྱད་འོང་ཟེར་ ཁོ་གིས་ སླབ་པའི་ཁར་ མི་སེར་གྱི་དོན་ལུ་ འཁོར་ལམ་ཁྱབ་ཚུགསཔ་སྦེ་ སེལ་དགོ་པའི་ འགན་ཁུར་སྦོམ་འབག་དགོཔ་བཟུམ་ མཐོངམ་མས་ཟེར་ སླབ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་ འཛོམས་འདུ་ནང་ འོང་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ཐངས་ཀྱི་ ཤེས་ཡོན་བྱིན་པའི་ཤུལ་ལུ་ དྲོ་པའི་ཆུ་ཚོད་༡༠.༣༠ དེ་ཅིག་ཁར་ ཚོགས་རྒྱན་བཙུགས་ནི་ འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་༣.༣༠ དེ་ཅིག་ཁར་ མཇུག་བསྡུ་ནུག།
ཀརྨ་རྡོ་རྗེ་དེ་ དགེ་ལེགས་ཕུག་ལུ་ འབྲུག་ཆང་བཟོ་འཕྲུལ་ཁང་གི་ ཚོང་འབྲེལ་འཛིན་སྐྱོང་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
པདྨ་བསྟན་འཛིན་གྱིས་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒེད་འོག་འཛོམས་འདུ་ནང་ བྱག་ཕྱོགས་རྒེད་འོག་གི་ གདམ་ངོ་བཏོན་མི་དང་ དོ་འགྲན་འབད་ནི་ཨིནམ་ད་ འཛོམས་འདུའི་ནང་ རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ ཚེ་དབང་ལྷ་མོ་དང་ དང་འདོད་ཅན་གྱི་འདེམས་ངོ་ བསྟན་འཛིན་རྒྱལ་མཚན་༢ ལས་༡ གདམ་འཐུ་འབད་ནི་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ མི་སེར་ཚུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ དབྱེ་བ་ཕྱེ་མ་ཚུགས་པར་ མགུ་འཐོམ་ཡོདཔ་བཟུམ་མིན་པར་ སྐྱབས་ཆ་རྒེད་འོག་གི་ མི་སེར་ཚུ་གིས་ འཛོམས་འདུ་དེ་ ག་ཅིའི་སྐོར་ལས་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་ནུག།
འཛོམས་འདུ་དེ་ཡང་ རེས་གཟའ་ཟླ་བ་ལུ་ ཕོག་ནི་དེ་གིས་ གཡུས་ཁའི་རྒན་གཞོན་ཚུ་གིས་མ་ཚད་པར་ ཐག་རིང་གི་ས་གནས་ ཕུན་ཚོགས་གླིང་དང་ ཐིམ་ཕུ་ སྤ་རོ་ལུ་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།
གྲོང་གཡུས་མི་སེར་མང་རབས་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཀྱི་བར་ན་ དབྱེ་བ་ཕྱེ་ཚུགསཔ་མ་ཚད་ ད་རིས་ འཛོམས་འདུ་ནང་ འོང་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ དོ་འགྲན་འབད་ནི་ཨིན་མི་ གདམ་ངོ་འོས་འབབ་ཅན་ཅིག་ བཙག་འཐུ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་ཡོད་མི་༢༡,༢༠༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment