གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་ནང་ ཚོགས་གྲངས་གསུམ་དཔྱ་༢ མེདཔ།

༢༥/༣/༢༠༡༣    འཐུས་མི་༡༦ དགོངས་ཞུ་འབད་མི་ལུ་བརྟེན་ ཚོགས་གྲངས་གསུམ་དཔྱ་༢ དགོ་མི་དེ་ མ་ཚངམ་ལས་ གཙུག་སྡེ་ཡོད་མིའི་གྲངས་སུ་དང་ ཡང་ཅིན་ ཚོགས་སྡེ་རྩ་གྲོལ་སོང་ཡོདཔ་སྦེ་ བརྩི་ནི་ཨིན་ན?
༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་མང་ཤོས་ཅིག་ར་ ལོག་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་མི་ལུ་བརྟེན་ ཚོགས་སྡེའི་གཙུག་སྡེ་དེ་ འཐུས་མིའི་དགོས་མཁོ་གི་ ཚད་གཞི་མ་ཚངམ་ལས་ བསྐྱར་ཞིབ་ཚོགས་ཁང་གི་ ཁྱད་ཚད་མ་ལྡནམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།


དེ་ཡང་ ཚོགས་སྡེའི་འཐུས་མི་ཚུ་ ལོག་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་བ་ཅིན་ དགོངས་ཞུ་འབད་དགོ་མི་དགོ་གི་ གནད་དོན་ཁ་གསལ་མེད་མི་ལུ་བརྟེན་ མཐའན་མཇུག་ལུ་ དགོངས་ཞུ་འབད་ནི་དེ་གིས་ བསྐྱར་ཞིབ་ཚོགས་ཁང་དེ་ ཧ་ལམ་སྟོངམ་ཐོན་ཡོདཔ་ཨིན་པས།
ཚོགས་སྡེའི་འགན་འཁྲི་འབག་སྟེ་ ཕྱག་ལཱ་གནང་ནིའི་དོན་ལུ་ ཚོགས་སྡེའི་འཐུས་མི་ཉུང་ཤོས་གསུམ་དཔྱ་༢ ཚང་དགོ་པའི་ཁར་ གསུམ་དཔྱ་༢ འབདཝ་ད་ འཐུས་མི་ཉུང་ཤོས་༡༩ ཚང་དགོཔ་ཨིན་པས།
དེ་འབདཝ་ད་ ད་ལྟོ་ ཚོགས་སྡེའི་ནང་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ བསྐོ་བཞག་མཛད་མི་ ཁྱད་ལྡན་གྱི་མི་ངོ་༥ རྩིས་ཏེ་ འཐུས་མི་༩ ལས་ལྷགཔ་མེད་མི་དེ་ཡང་ འཐུས་མི་༡༦ གིས་ དགོངས་ཞུ་འབད་དེ་༡ གིས་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ གཞན་༡༥ གིས་ ད་ལྟོ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཚོགས་སྡེའི་གདམ་ངོ་བཙག་འཐུ་ནང་ ལོག་དོ་འགྲན་འབདཝ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་ སླབ་མིའི་ནང་ བསྐྱར་ཞིབ་ཚོགས་ཁང་གི་ འགན་འཁྲི་འབག་སྟེ་ ཕྱག་ལཱ་མཛད་ཐབས་ལུ་ ཚོགས་སྡེའི་འཐུས་མི་ གསུམ་དཔྱ་༢ ཚང་དགོཔ་ཡོདཔ་བཞིན་དུ་ ཚོགས་སྡེའི་ལཱ་འགན་གཙོ་བོ་ར་ ཁྲིམས་བཟོའི་བྱ་སྒོ་རིམ་པ་ཚུ་ བསྐྱར་ཞིབ་འབད་ནི་དང་ ཁྲིམས་བཟོ་འབད་ནི་ཚུ་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ སྤྱི་ཚོགས་འཚོགས་དགོཔ་མེདཔ་ལས་ ཁྲིམས་བཟོའི་བྱ་སྒོ་ཚུ་ འཐབ་དགོཔ་མི་འཐོན་ཟེར་ཨིན་པས།
ཨིན་རུང་ བསྐྱར་ཞིབ་འབད་དགོ་པའི་ལཱ་རེ་ འཐོན་པ་ཅིན་ ཚ་གྱང་ངོ་མ་ར་ འཐུས་མི་གསུམ་དཔྱ་༢ མ་ཚང་པར་ཡོད་ཟེར་ ཁྲི་འཛིན་གྱིས་ བཤད་པའི་ཁར་ རྩ་ཁྲིམས་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ རྒྱུན་གནས་ཅན་གྱི་ གཙུག་སྡེ་ཅིག་སྦེ་ བཞག་དགོཔ་ལས་ ཚོགས་སྡེའི་ཉམས་མྱོང་གི་རྒྱུན་དེ་ ཚོགས་སྡེ་དང་པའི་ནང་གི་ ཉམས་མྱོང་དང་ ཚོགས་སྡེ་༢ པའི་ནང་ རྒྱུན་སྐྱོང་འཐབ་དགོཔ་སྦེ་ མཐོངམ་ཨིན་རུང་ གལ་སྲིད་ ཚོགས་སྡེའི་ནང་ འཐུས་མི་གསརཔ་ཙང་ཙ་ འོང་པ་ཅིན་ རྒྱུན་གནས་ཅན་ཅིག་སྦེ་ གནས་ཐབས་མིན་འདུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ རྩ་ཁྲིམས་ནང་ ཚོགས་སྡེའི་ཁྲི་འཛིན་གྱིས་ ཚོགས་སྡེ་རྒྱུན་གནས་ཀྱི་དོན་ལུ་ དགོས་མཁོའི་འཐུས་མི་ གསུམ་དཔྱ་༢ མ་ཚང་པ་ཅིན་ དགོངས་ཞུ་འབད་ནི་ལས་ བཀག་ཆ་འབད་ཆོགཔ་སྦེ་ ཡོད་པ་ཅིན་ ཁོ་གིས་ འཐུས་མི་ཚུ་ དགོངས་ཞུ་འབད་ནི་ལས་ བཀག་བཀགཔ་འོང་ཟེར་ཨིན་པས།
དགོངས་ཞུའི་དོན་ཚན་ནང་ འཐུས་མི་ཚུ་གིས་ ཁྲི་འཛིན་ལུ་ དགོངས་ཞུའི་ཞུ་ཡིག་བཙུགས་ཐོག་ལས་ དགོངས་ཞུ་འབད་ནི་དང་ དགོངས་ཞུའི་ཞུ་ཡིག་དེ་ ཁྲི་འཛིན་གྱིས་ མི་དབང་མངའ་བདག་རྒྱལ་པོ་མཆོག་ལུ་ ཕུལ་དགོ་ཟེརཝ་མ་གཏོགས་ གཞན་ལོགས་སུ་སྦེ་ འཁོད་འཁོདཔ་མིན་འདུག་ཟེར་ ཁྲི་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མ་འོངས་པ་ལུ་ ཚོགས་སྡེའི་གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ར་ ཚང་ནི་ཨིན་རུང་ གཞུང་སྐྱོང་གི་ གནས་ཡུན་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ གནས་ཡུན་དེ་ དུས་ཚོད་དང་ ཚེས་གྲངས་གཅིག་སྦེ་ གནས་ཐབས་མེདཔ་ལས་ བསྒྱུར་བཅོས་འགྱོ་སྲིད་ནི་ཨིནམ་ལས་ གལ་སྲིད་ སྤྱི་ཚོགས་འཚོགས་དགོཔ་རེ་ འཐོན་པ་ཅིན་ ཚོགས་སྡེའི་ནང་ འཐུས་མིའི་ཚོགས་གྲངས་མ་ཚངམ་འཐོན་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ གནད་དོན་དེ་གི་སྐོར་ལས་ ཁྲིམས་ཀྱི་དོན་ཚན་ ཁ་གསལ་ཅིག་དགོ་པའི་ཁར་ བསྐྱར་ཞིབ་ལོགས་སུ་འབད་དགོཔ་དེ་ གལ་གནད་ཅན་ཅིག་སྦེ་ མཐོང་ཅི་ཟེར་ ཚོགས་སྡེའི་ཁྲི་འཛིན་གྱིས་ བཤད་པའི་ཁར་ ཤུལ་མའི་སྤྱི་ཚོགས་ཀྱིས་ གནད་དོན་དེ་ལུ་ ངོས་ལེན་ཐོག་ བསྐྱར་ཞིབ་འབད་འོང་མནོ་བའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ཁྲིམས་ཀྱི་མཁས་མཆོག་ཚུ་གིས་ཡང་ གནད་དོན་དེ་ནང་ མགུ་རྙོགས་ཡོད་མི་དེ་ བསལ་དགོཔ་ཡོད་ཟེར་ བཤད་པའི་ཁར་ རྩ་ཁྲིམས་ཆེན་མོའི་ནང་ གནས་ཡུན་ཚང་དགོ་ཟེར་ཡོདཔ་ལས་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནིའི་དོན་ལུ་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་མི་དེ་ ཁྲིམས་དོན་ལས་ འགལ་བ་ཅིག་ཨིནམ་བཟུམ་སྦེ་ མཐོང་སྣང་བྱུང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment