གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལག་ཤེས་ཅན་གྱི་ལས་མི་ མ་ཐོབ་པའི་དཀའ་ངལ།

༢༦/༣/༢༠༡༣   ༉ ལག་ཤེས་ཅན་གྱི་ལས་མི་ འཚོལ་མ་ཐོབ་པའི་ཁར་ ལོ་བསྟར་ཚེས་བཅུ་འགོ་འདྲེན་འཐབ་མི་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མི་ལུ་བརྟེན་ ལྷ་ཁང་དཀར་པོའི་ བཟོ་སྐྲུན་ལཱ་དེ་ ཐོགས་ལུས་སོ་ཡི་ཟེར་ ཧཱ་གི་རྫོང་རབ་ བྱམས་པ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ལྷ་ཁང་དཀར་པོའི་བཟོ་སྐྲུན་གྱི་ལཱ་ ཐོགས་ལུས་པའི་མཐོང་སྣང་།


ཁོ་གིས་འབད་བ་ཅིན་ ཧཱ་ལས་ ལག་རྩལ་ཅན་གྱི་ལས་མི་ འཚོལ་འཐོབ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ དག་པ་རེ་ཡོད་མི་ཚུ་ཡང་ སྤྱི་ལོ་༢༠༠༩ ལུ་ ས་ཡོམ་གྱིས་ ཁྱིམ་མེདཔ་བཏང་མི་ཚུ་ ལོག་རྐྱབ་ནི་ འགོ་བཙུགས་ཡོདཔ་ལས་ ལས་མི་མང་ཤོས་ར་ ཁྱིམ་རྐྱབ་པའི་བསྒང་འདུག་ཟེར་ཨིན་པས།
ད་ལྟོ་ ལྷ་ཁང་བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ རྩི་སའི་ལཱ་འབད་མི་ཚུ་ག་ར་ ཆུ་ཁ་རྫོང་ཁག་གི་ མི་ཚུ་ཨིན་པས།
རྫོང་རབ་ཀྱིས་འབད་བ་ཅིན་ ད་ལྟོ་ ལྷ་ཁང་གི་ བཟོ་སྐྲུན་ལཱ་ཚུ་ གྲུབ་འབྲས་སྦོམ་ཅིག་ ཐོན་མ་ཚུགས་མི་དེ་ཡང་ ལཱ་ངོ་མ་ འགོ་མ་བཙུགས་པའི་ཧེ་མར་ བླམ་གནས་བརྟན་གྱི་ གནས་སྐབས་གཟིམ་ཅུང་དང་ དགེ་སློང་ཚུ་གི་སློབ་ཁང་ དེ་ལས་ གྲྭ་ཤག་ཚུ་ རྐྱབ་དགོཔ་ཐོན་ནི་དེ་གིས་ཨིནམ་ད་ ལཱ་དེ་ཚུ་ ཟླཝ་༤ དེ་ཅིག་ནང་ རྫོགས་སོ་ཡི་ཟེར་ཨིན་པས།
དེ་ལས་ ལོ་བསྟར་ཚེས་བཅུ་རན་པའི་བསྒང་ལས་ ཧེ་མ་ ཚེས་བཅུ་སྟོན་སའི་ ས་ཁོངས་ནང་ཡོད་པའི་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ག་ར་ ས་ཁོངས་གཞན་ཅིག་ནང་ སྤོ་བཤུད་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འགོ་བཙུགསཔ་ཨིན་ཟེར་བའི་བསྒང་ལས་ ས་ཁོངས་ནང་གི་ ལས་བྱེདཔ་རེ་གཉིས་ལུ་ དྲི་བཀོད་འབད་ནི་དང་ ས་ཁོངས་ཀྱི་ ཅ་ཆས་མཁོ་སྒྲུབ་ཀྱི་ ཡིག་ཆ་ག་ར་ འབག་འགྱོ་མི་དེ་གིས་ཡང་ ལཱ་ལུ་ ཐོ་ཕོག་ཅི་ཟེར་ ཧཱ་རྫོང་རབ་ཀྱིས་ བཤདཔ་ཨིན་པས།
དེ་གིས་མ་ཚད་ ཧཱ་རྫོང་ཁག་དེ་ ས་ཁ་མཐོ་སར་འབད་ནི་དེ་གིས་ དགུན་གྱི་ཟླཝ་༤ དེ་ཅིག་ རྩི་སའི་ལཱ་འབད་མ་བཏུབ་ནི་དེ་གིས་ ལཱ་ཚུ་བཤོལ་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
ད་ལྟོ་ གནམ་བྱཱར་འགོ་མ་བཙུགསཔ་ལས་ རྩི་སའི་ལཱ་ནང་ ལཱ་ཤུགས་བཏོན་པའི་བསྒང་ཡོདཔ་ད་ ཤིང་གི་ལཱ་ཚུ་ག་ར་ མཇུག་བསྡུ་ཚར་ཏེ་ཡོདཔ་ཨིན་པས།
རྫོང་རབ་ཀྱིས་འབད་བ་ཅིན་ བཟོ་དཔོན་ཚུ་གིས་ ཤིང་གི་ལཱ་ཚུ་ག་ར་ རྫོགས་སོ་ཡི་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ རྩི་སའི་ལཱ་མཇུག་བསྡུ་ཚར་བ་ཅིན་ བཟོ་བོ་གི་ལཱ་དེ་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ར་ མཇུག་བསྡུ་ཚུགསཔ་འབད་ནི་གི་ ཁས་བླངས་འབད་དེ་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཟོ་སྐྲུན་གྱི་དོན་ལུ་ ལག་ལེན་འཐབ་མི་རྡོ་ཚུ་ སྤ་རོ་ཟླ་བ་ཁ་ལས་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་སྐྱིད་ལི་ལ་ལས་ སྐྱེལ་འདྲེན་འབད་ནི་སྦེ་ གནང་བ་ཐོབ་ཡོདཔ་ལས་ འཕྲལ་མགྱོགས་ར་ སྐྱིད་ལི་ལ་ལས་ ལེན་ནི་ཨིན་ཟེར་ཨིན་པས།
སྤ་རོ་ཟླ་བ་ཁ་དེ་ ཧཱ་ལས་ ཀི་ལོ་མི་ཊར་༦༥ གི་ས་ཁར་ཨིན་པས།
རྫོང་རབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ རྩིག་འགྱམ་གྱི་ལཱ་ཚུ་ མཇུག་བསྡུ་བའི་བསྒང་ལས་ ཤིང་གི་ལཱ་ཚུ་ གྲ་སྒྲིག་ཡོདཔ་ལས་ མགྱོགས་སུ་སྦེ་ བསྒྲུབ་ཚུགས་ཟེར་ཨིན་པས།
ལྷ་ཁང་བཟོ་སྐྲུན་ལཱ་དེ་ སྤྱི་ལོ་༢༠༡༠ གྱི་ཟླཝ་༡༠ པའི་ནང་ འགོ་བཙུགས་ཡོདཔ་ཨིན་པས།
ལྷ་ཁང་གི་མ་དངུལ་ ལོག་སྤྱོད་འབད་བའི་ཐད་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ དབང་ཕྱུག་དང་གཅིག་ཁར་ ཧེ་མ་ དྲི་དཔྱད་འབད་བའི་སྐབས་ ལྷ་ཁང་གི་མ་དངུལ་ དངུལ་ཀྲམ་ས་ཡ་༣༠ ལས་ ད་ལྟོ་ དངུལ་ཀྲམ་ས་ཡ་༢༤ ཟད་འགྲོ་བཏང་ཚར་ཡི་ཟེར་ཨིན་པས།
ལས་འགུལ་གྱི་ལཱ་དེ་ ཧཱ་རྫོང་ཁག་བདག་སྐྱོང་གིས་ འབད་དོ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་སྦེ་ར་ ས་གནས་ཀྱི་ མི་ཚུ་གིས་ ཁས་བླངས་ཐོག་ལས་ ཞབས་ཏོག་ཞུ་མི་ ཐོན་དོ་ཡོདཔ་ཨིན་པས།
ད་ལྟོ་ བཟོ་སྐྲུན་ས་ཁོངས་ནང་ རྡོ་བཟོ་བོ་༢༣ དང་ ཤིང་བཟོ་བོ་༡༠ དེ་ལས་ ལས་བྱེདཔ་གཞན་༡༠ ཡོདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment