གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༣/༢༠༡༣   ཚོགས་རྒྱན་བཙུགས་མི་ཚུ་ལས་ དང་ལེན་ཆུང་བའི་མངོན་གསལ། ༉ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ དོ་འགྲན་འབད་དགོ་མནོ་མི་ དང་འདོད་ཅན་ཚུ་གི་དོན་ལུ་ རྒེད་འོག་གི་གནས་རིམ་ནང་ གདམ་འཐུ་འབད་ནི་དེ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་མ་ཚད་ མི་ངོ་༥༠ དེ་ཅིག་གིས་ གོམ་ཐེངས་དང་པ་ སྤོ་ཚར་ནུག།


ད་ལྟོ་བཟུམ་འབད་བ་ཅིན་ མཐའ་བཅད་བཙག་འཐུ་ནང་འགྱོ་མི་ གདམ་ངོ་༡ རྐྱངམ་གཅིག་ཡོད་མི་དེ་ དར་དཀར་ནང་རྫོང་ཁག་ཨིནམ་ད་ རྫོང་ཁག་ལ་ལུ་ཅིག་ནང་ གདམ་ངོ་༢ དང་ ལ་ལུ་ཅིག་ནང་ གདམ་ངོ་༧ ལྷགཔ་རེ་འདུག།
གལ་སྲིད་ བཙག་འཐུ་ལྷན་ཚོགས་ལུ་ ངེས་པར་དུ་བཙུགས་དགོ་པའི་ གདམ་འཐུའི་ཡིག་ཤོག་ཚུ་ནང་ འཛོལ་བ་རེ་འཐོན་པ་ཅིན་ གདམ་ངོའི་གྱངས་ཁ་དེ་ཚུ་ བསྒྱུར་བཅོས་འགྱོ་ནི་མས།
གདམ་ངོ་ལ་ལུ་ཅིག་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ དག་གསལ་འབད་དགོ་པའི་ ཁོང་རའི་ གནས་ཡིག་དང་ སྐུལ་བསྒྲགས་སྦྱར་ཡིག་ཚུ་གི་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ད་ གཞུང་འབྲེལ་གྱི་ སྐུལ་བསྒྲགས་ཚུ་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ནི་ཨིན་མས།
འདས་པའི་བདུན་ཕྲག་ཚུ་ནང་ གདམ་ངོའི་བྱ་རིམ་ཚུ་ ག་དེམ་ཅིག་ འགོ་འདྲེན་འཐབ་སྟེ་འབད་རུང་ དང་འདོད་ཅན་གྱི་ ཨམ་སྲུའི་གྱངས་ཁ་དེ་ ད་ལྟོའི་བར་ན་ཡང་ ཉུང་སུ་ཅིག་ཨིན་མས།
ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ དང་འདོད་ཅན་གྱི་མི་ངོ་༧༣ གྱི་གྲས་ལས་ ཨམ་སྲུ་༧ རྐྱངམ་གཅིག་ལས་ མེདཔ་ཨིན་མས།
གནད་དོན་གཞན་མི་དེ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་དེ་ ཉུང་དྲགས་ཅིག་ལས་མེདཔ་ད་ ཚོགས་རྒྱན་ས་ཁོངས་ དག་པ་ཅིག་ནང་མ་གཏོགས་ མང་ཤོས་ཅིག་ནང་ གདམ་ངོ་བཙག་འཐུ་འབད་མི་༣ དཔྱ་༡ ཉུངམ་ཅིག་ལས་ མེདཔ་ཨིན་མས།
དེ་ཡང་ གཙོ་བོ་ར་ དང་འདོད་ཅན་ཚུ་གིས་ ཁོང་རའི་ གདམ་ངོ་མཐར་འཁྱོལ་འབྱུང་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ལས་ རྒྱབ་སྐྱོར་གང་དྲག་ ཐོབ་མ་ཚུགས་ནི་དེ་གིས་ཨིན་མས།
རྒྱུ་མཚན་གཞན་མི་དེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་རའི་ ཉིན་བསྟར་ལཱ་གི་དུས་ཚོད་ལས་བཅད་དེ་ མི་མང་གི་ས་ཁོངས་ནང་  འབྲེལ་གཏོགས་འབད་ནི་ལུ་ སྤྲོ་བ་མེད་ནི་དེ་གིས་ཨིན་པའི་ཁར་ བརྡ་བརྒྱུད་ཀྱི་ སྙན་ཞུ་ལ་ལུ་ཅིག་ནང་ མི་སེར་ཚུ་གིས་ འཛོམས་འདུ་འགོ་འདྲེན་འཐབ་དགོ་པའི་སྐོར་ལས་ ཧ་མ་གོ་ནི་དེ་གིས་ཨིན་མས།
དེ་འབདཝ་ལས་བརྟེན་ ཚོགས་རྒྱན་གྱི་ འཕྲུལ་ཆས་ཚུ་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་དེ་ཡོད་རུང་ རང་སོའི་ ཚོགས་རྒྱན་གྱི་འདྲ་པར་ཚུ་ འབག་མ་འགྱོཝ་ལས་ ཚོགས་རྒྱན་བཙུགས་མ་ཚུགས་པར་ ལུས་སོ་ནུག།
གནད་དོན་གཅིག་ལས་ལྟ་བ་ཅིན་ རྒེད་འོག་གི་འཛོམས་འདུ་ཚུ་ནང་ མི་ལེ་ཤ་མ་འོང་མི་དེ་ཡང་ གཙོ་བོ་ར་ འོས་འབབ་ལྡན་པའི་ ཚོགས་རྒྱན་བཙུགས་མི་ལུ་ ཚོགས་རྒྱན་དང་འབྲེལ་བའི་ གོ་བརྡ་མཐིལ་ཕྱིན་སྦེ་ མ་བྱིན་ནི་དེ་གིས་ཨིན་མས།
སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་ཚུ་དང་ཕྱདཔ་ད་ འགྲེམ་ཐོག་ཚོགས་རྒྱན་བཏང་མིའི་ ཞུ་ཡིག་དེ་ གསུམ་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ལས་ ད་རེས་ ཚོགས་རྒྱན་༧༡,༠༠༠ ལྷགཔ་ཅིག་ཐོན་ནུག།
ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ མི་སྡེ་ཅིག་གིས་ ཚོགས་རྒྱན་མི་བཙུགས་ནི་ཨིན་མི་དེ་ཡང་ འཚོ་བའི་གནས་སྟངས་ ལེགས་བཅོས་ཀྱི་དོན་ལུ་ གྲོང་གསེབ་ལས་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འོང་མི་ འོང་འབབ་ཆུང་རིམ་ཚུ་ཨིན་མས།
ཁོང་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མ་ཚུགས་པའི་གུ་ གཡུས་ཁར་ ཚོགས་རྒྱན་བཙུགས་པར་འགྱོ་ནིའི་ ཟད་འགྲོ་མེད་ནི་དེ་གིས་ ཐབས་མེད་ཀྱི་བྱ་བ་ལུ་ ཐུགཔ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment