གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་སྦྱིས་རྒེད་འོག་ལས་ ཚེ་རིང་རྡོ་རྗེ་ གདམ་འཐུ་འབད་ཡོདཔ།

༢༦/༣/༢༠༡༣   ༉ ཁ་ཙ་ ཧཱ་རྫོང་ཁག་ སྦྱིས་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡའི་གདམ་ངོ་ བཙག་འཐུ་འབད་ནིའི་དོན་ལུ་ འཛོམས་འདུ་རྐྱབ་པའི་སྐབས་ ཚེ་རིང་རྡོ་རྗེ་ལུ་ དགོ་ཟེར་བའི་ ཚོགས་རྒྱན་༡༤༧ དང་ མི་དགོ་ཟེར་བའི་ ཚོགས་རྒྱན་༥ ཐོབ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ གདམ་འཐུ་འབད་ཡི།
གདམ་འཐུ་གྲུབ་མི་ ཚེ་རིང་རྡོ་རྗེ།
སྦྱིས་རྒེད་འོག་གི་མི་ཚུ་ ཚོགས་རྒྱན་བཙུགས་པར་འགྱོ་བའི་བསྒང་།


ཧཱ་རྫོང་ཁག་གི་ རྒེད་འོག་༦ དང་ ཁྲོམ་སྡེ་བསྡོམས་ཏེ་ རྒྱལ་ཡོངས་ཚོགས་སྡེའི་ མཐའ་བཅད་བཙག་འཐུ་ནང་ བཅའ་མར་གཏོགས་མི་ གདེམ་ངོ་༤ ཐོན་ཡོདཔ་ཨིན་པས།
འཛོམས་འདུ་དེ་ཡང་ ཧཱ་རྫོང་བདག་ རིག་འཛིན་རྡོ་རྗེ་གིས་ བཙག་འཐུ་དང་ ཚོགས་རྒྱན་གྱི་སྐོར་ལས་ ཁག་ཆེ་ཧིང་ཚུ་ གསལ་བཤད་འབད་ཡོདཔ་མ་ཚད་ བཙག་འཐུའི་འགོ་དཔོན་ཚུ་གི་ ཚོགས་རྒྱན་འཕྲུལ་ཆས་ཀྱི་སྐོར་ལས་ ལམ་སྟོན་བྱིན་པའི་ཤུལ་ལས་ ཚེ་རིང་རྡོ་རྗེ་གིས་ གསལ་བཤད་འབད་དེ་ འགོ་བཙུགས་ཡོདཔ་ཨིན།
རྫོང་བདག་གིས་ མི་སེར་ཚུ་ལུ་ གསལ་བཤད་འབད་མི་དང་འཁྲིལཝ་ད་ མི་སེར་ཚུ་གིས་ རང་གི་ རྒེད་འོག་ནང་ལས་ གདམ་ངོ་འཐོན་དགོཔ་ ངེས་བདེན་ཨིན་ཟེར་ མནོ་བསམ་མ་བཏང་པར་ རང་གི་རྫོང་ཁག་ནང་ལས་ ལྕོགས་གྲུབ་ཡོད་པའི་ཁར་ མི་སེར་ལུ་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགས་ནི་མས་ཟེར་ མནོ་མི་དེ་ གདམ་འཐུ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
མ་གཞི་ ཧཱ་རྫོང་ཁག་དེ་ ས་ཁ་མཐོ་སར་འབད་ནི་དེ་གིས་ ད་ལྟོ་ཡང་ གྱང་བསིལ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཁོང་རའི་ བཀབ་ནེ་དང་ རས་ཅུང་ཚུ་ ལྟག་ལྐོག་ཁར་ སྤུར་ཞིནམ་ལས་ རྩ་འགེངས་ཏེ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ བསྒུག་སྡོད་ཡོདཔ་ཨིན།
མི་སེར་ལ་ལུ་ཅིག་གིས་ ཚོགས་རྒྱན་བཙུགས་ཚར་ཏེ་འབད་རུང་ ཕྱི་ཁ་ལུ་ ཇ་འཐུང་པའི་ཁར་ བཤད་ཐོ་བཏང་སྟེ་ ཚོགས་རྒྱན་གྱི་ གྲུབ་འབྲས་བཏོན་ནི་ལུ་ སྒུག་སྡོདཔ་ཨིན་པས།
སྐྱེས་ལོ་༨༢ ལང་མི་ ཧཱ་སྟོད་ལས་ ཨང་རྒས་མགོནམ་སྲིད་ཐུབ་ཀྱིས་ བཤད་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ རྒྱང་མཐོང་དང་ གསར་ཤོག་ཚུ་ནང་ ཚོགས་རྒྱན་ཁག་ཆེ་ཧིང་གི་སྐོར་ལས་ ཡང་བསྐྱར་དུ་ གསལ་བསྒྲགས་འབད་མི་དང་བསྟུན་ མོ་ར་ཡང་ རྩ་འགེངས་ཏེ་ ལག་པར་འཁརཝ་བཤེད་དེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚེ་རིང་རྡོ་རྗེ་ཁོ་ར་ ལྕོགས་གྲུབ་དང་ ཉམས་མྱོང་ཡོད་མི་ཅིག་འབད་ནི་དེ་གིས་ མཐའ་བཅད་བཙག་འཐུ་ནང་ལས་ཡང་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མོ་ར་ ཚོགས་རྒྱན་བཙུགས་པར་འགྱོ་བའི་སྐབས་ མི་གི་པར་ཚུ་ ངོ་མ་ཤེས་པའི་ཁར་ མཛུབ་མོ་ག་ཏེ་ཨེབ་ནི་ཨིན་ན་ མ་ཤེས་པར་ དཀའ་ངལ་ཐོན་རུང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ཡོད་མི་ འགོ་དཔོན་ཚུ་ལུ་ དྲིས་ཡི་ར་ ཚོགས་རྒྱན་བཙུགས་ཅི་ཟེར་ སླབ་ཨིན་པས།
ཚོགས་རྒྱན་བཙུགས་མི་ དབང་ཕྱུག་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཉིནམ་༡ ར་ བསྒུག་སྡོད་དགོ་རུང་ དཀའ་ངལ་མེད་ཟེར་ཨིནམ་ད་ ད་རིས་ཉིནམ་༡ ཆུད་ཟད་འགྱོ་ནི་མས་ཟེར་མནོ་སྟེ་ ཚོགས་རྒྱན་མ་བཙུགས་པར་སྡོད་པ་ཅིན་ དེ་གིས་ ལོ་ལས་བཅད་དེ་ འཛོལ་ནི་ཨིནམ་ལས་ ཚོགས་རྒྱན་ཕུད་རྡོག་༡ ལས་མེད་རུང་ རང་གི་དབང་ཚད་དེ་ ལག་ལེན་འཐབ་སྟེ་ ཚོགས་རྒྱན་བཙུགས་དགོཔ་ གལ་ཆེ་ཟེར་ཨིན་པས།
ཁ་ཙ་ སྦྱིས་རྒེད་འོག་ལས་ ཚེ་རིང་རྡོ་རྗེ་ལུ་ རྒྱབ་སྐྱོར་ཡོདཔ་ཤེས་ཞིནམ་ལས་ དབང་ཕྱུག་ཁོ་ར་ སེམས་དགའ་སྟེ་ ཁྱིམ་ནང་སོང་ཡི།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ མཐའ་བཅད་བཙག་འཐུ་དོན་ལུ་ ས་དམར་རྒེད་འོག་ལས་ མཁའ་འགྲོ་དབང་ཕྱུག་དང་ དཀར་ཚོ་རྒེད་འོག་ལས་ བསྟན་འཛིན་ནོར་བུ་ ཧཱ་ཁྲོམ་ལས་ ཆོས་གྲགས་རྒྱ་མཚོ་ དེ་ལས་ སྦྱིས་རྒེད་འོག་ལས་ ཚེ་རིང་རྡོ་རྗེ་འབདཝ་ད་ ཁོང་༤ གིས་ ཧཱ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོའི་དོན་ལུ་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment