གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༢/༣/༢༠༡༣   དགོད་བྲ་ནི་མིན་པར་ རང་གདོང་ཁར་ཐོན་དགོཔ།
 ༉ སྤྱི་ཟླ་༣ པའི་ཚེས་༢༡ གི་ རྫོང་ཁ་དང་ ཨིང་ལིཤ་གཉིས་ཆ་རའི་ ཀུན་གསལ་གྱི་ རྩོམ་སྒྲིག་པའི་སྣང་འཆར་ནང་ རྒྱལ་ཡོངས་ཚོགས་སྡེ་འདི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་དང་པ་བཟུམ་ཅིག་སྦེ་ བརྩི་མཐོང་བསྐྱེད་ལུགས་དང་ ཉམས་མྱོང་ཅན་དང་ ཤེས་ཡོན་ཅན་ཚུ་གིས་ ཁོང་ར་ འབྲེལ་གཏོགས་འབད་ནི་གི་ཚབ་ལུ་ འདི་བཟུམ་མའི་ འདེམས་ངོ་ཐོན་མི་ཚུ་ལུ་ དགོད་བྲ་དོ་ཡོད་པའི་སྐོར་ལས་བཀོད་ནུག།


གནད་དོན་དེ་ལུ་ བསམ་ཞིབ་འབད་ལྟཝ་ད་ འབྲུག་ལུ་ ལྕོགས་གྲུབ་དང་ ཉམས་མྱོང་ཡོད་མི་ ཞི་གཡོགཔ་མང་ཧད་རྫོགསཔ་ཅིག་ཡོད་རུང་ ཁོང་ཆ་ཁྱབ་ ཉེན་སྲུང་ལྡན་པའི་ ཚེ་གཡོག་འབད་སའི་ ཡིག་ཚང་ནང་ རྐང་ཁྲི་གུ་སྡོད་དེ་ མི་སེར་ལས་ བཙག་འཐུ་གྲུབ་མི་ཚུ་གི་ ཐོབ་ཐངས་དང་ མཐུན་རྐྱེན་ཚུ་ལུ་ མིག་ཏོ་ཚ་སྟེ་ ཉོགས་བཤད་བཀོད་པ་གིས་མ་ཚད་ ག་ནི་ཡང་ ཚགས་ཁར་མི་ཚུད་པས་ཟེར་ སྐྱོན་བརྫོད་ཡང་འབད་ནི་འདུག་ཟེར་ཞུ་ནི།
ད་རིས་འབདཝ་ད་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་རན་མི་དང་བསྟུན་ སྲིད་ཚོགས་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་འདོད་ཡོད་མི་ འདེམས་ངོ་ཚུ་ འཚོལ་བའི་བསྒང་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ན་གཞོན་གསརཔ་ ལེ་ཤ་ཅིག་ འདེམས་ངོ་སྦེ་ ཐོན་ཡོད་མི་ལུ་ གཅིག་ལས་ལྟ་བ་ཅིན་ ངལ་རངས་དགོཔ་ཅིག་ཨིན་རུང་ ཞི་གཡོགཔ་ཉམས་མྱོང་དང་ ལྕོགས་གྲུབ་ཅན་ཚུ་གིས་ གདོང་ཁར་མ་ཐོན་མི་ལུ་ སེམས་ཕམ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
འབྲུག་གི་དམངས་གཙོའི་ལམ་ལུགས་ཀྱི་ གཞི་འགྱམ་བཙུགས་ནི་དེ་ འབྲུག་མི་ཡོངས་ཀྱི་ འགན་ཁུར་ཨིནམ་ལས་ གལ་སྲིད་ ལྕོགས་གྲུབ་ཅན་ཚུ་གིས་ ལྷན་ཐབས་འབད་མ་ཚུགས་པ་ཅིན་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ཞུ་ནི།
ཀུན་གསལ་ནང་ བཀོད་དོ་བཟུམ་སྦེ་ ང་བཅས་རའི་ ཞི་གཡོགཔ་ཚུ་གིས་ དམངས་གཙོའི་བྱ་རིམ་ནང་ འབྲེལ་གཏོགས་མ་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་གསརཔ་ཚུ་གིས་ སྲིད་དོན་དང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་སྦེ་ མ་ཐོན་པར་ བྱ་ཐབས་གཞན་མིན་འདུག་ཟེར་ཞུ་ནི།
འདི་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་ཅིག་ཨིནམ་ལས་ དེ་ནང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་བ་ལྷགཔ་སྦེ་འཐུས་ མི་ལྕོགས་གྲུབ་ཅན་དང་ ཉམས་མྱོང་ཅན་དགོཔ་ ངེས་བདེན་སྦེ་ མཐོངམ་མས་ཟེར་ཞུ་ནི། དེ་སྦེ་ཞུཝ་ད་ རྒྱལ་ཡོངས་ཚོགས་འདུའི་ནང་ ལྕོགས་གྲུབ་ཅན་མེད་རུང་ བཏུབ་ནི་མས་ཟེར་ སླབ་མིན་པར་ རབ་འབྱུང་པ་ཅིན་ ཚོགས་ཁང་གོང་འོག་གཉིས་ཆ་རའི་ནང་ འཐུས་མི་སྒྲིང་སྒྲིང་དང་ མི་སེར་ལས་ བློ་གཏད་ཡིད་ཆེས་སྦོམ་ཡོད་མི་ དགོ་ཟེར་ཞུ་ནི།
ཨིན་རུང་ ད་རེས་ནངས་པ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ སྲིད་ཚོགས་དང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ འདེམས་ངོ་སྦེ་ ཐོན་ཐོག་ལས་ ན་གཞོན་ཚུ་ལུ་ དཔྱེ་སྟོན་འབད་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཞུ་ནི།

ད་ལྟོ་ འབྲུག་གི་དམངས་གཙོའི་རིང་ལུགས་ ར་བཏགས་པའི་བསྒང་ཡོད་པའི་ ནམ་དུས་ལུ་ ཞི་གཡོགཔ་ཉམས་མྱོང་ཅན་ཚུ་གིས་ སྲིད་ཚོགས་དང་ སྲིད་ཚོགས་མིན་པའི་ ཚོགས་ཁང་གི་ སྡོད་ཁྲིའི་དོན་ལུ་ དོ་འགྲན་འབད་དགོ་ཟེར་ ཞུ་ནི་ཨིན།
བསོད་ནམས་རྡོ་རྗེ།
ལུང་བསྟན་ཕུག། ཐིམ་ཕུ།

No comments:

Post a Comment