![]() |
ཕུན་བརྟན་ཆུ་རྒེད་འོག་གི་ འཛོམས་འདུ་རྐྱབ་པའི་བསྒང་། |
![]() |
གདམ་ངོ་ཇཱསི་ཊིན་ གུ་རུང་། |
རྒེད་འོག་ནང་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ འཐུས་མི་བགྲེསཔ་རྐྱངམ་གཅིག་ར་ཨིནམ་ད་ ཁ་ཙ་ རྒེད་འོག་ལྟེ་བ་ནང་སྦེ་ འགོ་འདྲེན་འཐབ་མི་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༢༠༣ འཛོམས་ཡོད་ས་ལས་༡༢༨ ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་བཙུགས་ཏེ་ གདམ་འཐུ་གྲུབ་ཡོད་རུང་༧༥ གིས་ མི་དགོ་ཟེར་ བཙུགས་ཡོདཔ་ཨིན་པས།
འཐུས་མི་བགྲེསཔ་གིས་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ ཚོགས་སྡེའི་ཁྲི་འཛིན་ལུ་ དགོངས་ཞུ་ཡི་གུ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དེ་སྦེ་ ལོག་བཅའ་མར་གཏོགས་མི་དེ་ཡང་ ལོ་༥ འི་རིང་ལུ་ ཉམས་མྱོང་ཐོབ་མི་དེ་ འཕྲོ་བརླག་མ་བཏང་པར་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འཛོམས་འདུ་མཇུག་དེ་ ད་རིས་ རྫོང་ཁག་གི་ ས་གནས་མཐའ་ཟུར་ཅིག་ཨིན་མི་ གསེར་གྱི་ཐང་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ རྒེད་འོག་ནང་ལས་ དོ་འགྲན་འབད་མི་ འཐུས་མི་ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།
ད་ཚུན་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ རྫོང་ཁག་ནང་ གདམ་ངོ་༦ གཏན་འཁེལ་སོང་ཡོདཔ་ད་ ཁོང་ཆ་མཉམ་ར་ ཕོ་སྐྱེས་ཨིན་པས།
རྫོང་ཁག་འོག་གི་ རྒེད་འོག་༡༢ ཆ་མཉམ་ནང་ འཛོམས་འདུ་ཚུ་ ད་རིས་ལས་ མཇུག་བསྡུ་ནི་ཨིན་རུང་ རྫོང་ཁག་བཙག་འཐུའི་འགོ་དཔོན་ཚུ་ ད་རེས་ནངས་པ་ ཁྲོམ་ཁ་ལས་ ཨམ་སྲུ་ཅིག་གིས་ གདམ་ངོ་སྦེ་ འཐོན་ནིའི་དང་འདོད་ཡོད་པའི་སྐོར་ལས་ ལོ་རྒྱུས་ཡོདཔ་ལས་ སྒུག་སྟེ་ཡོདཔ་ད་ གཏན་འཁེལ་ཨིན་པ་ཅིན་ ཁྲོམ་སྡེའི་འཛོམས་འདུ་ ལོགས་སུ་སྦེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོདཔ་ཨིན་པས།
རྒེད་འོག་འཛོམས་འདུ་ཚུ་རྐྱབ་ཐོག་ལས་ གདམ་ངོ་ཚུ་ གདམ་འཐུ་འབད་ནིའི་ དུས་ཚོད་མཇུག་དེ་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ཨིནམ་ད་ དེ་གི་ཤུལ་ལས་ སྐུལ་བསྒྲགས་འབད་ནི་ འགོ་བཙུགས་ནི་ཨིན་པས།
ད་རིས་ རྫོང་ཁག་བཙག་འཐུའི་འགོ་དཔོན་ཚུ་དང་ སྲུང་སྐྱོབ་དམག་མི་ དེ་ལས་ ངོས་ལེན་འགོ་དཔོན་ལ་སོགས་པའི་ འབྲེལ་ཡོད་འགོ་དཔོན་ཚུ་གི་བར་ན་ མཉམ་འབྲེལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།
No comments:
Post a Comment