གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོངས་འབྲེལ་ཐོག་ལས་ ཆོག་ཐམ་སྤྲོད་ནིའི་ལམ་ལུགས་ཀྱིས་ དཀའ་ངལ་མར་ཕབ་རྐྱབ་ཚུགས་ནི།

༣༠/༣/༢༠༡༣   ༉ གཞུང་ལས་ཚོང་པ་ཟེར་མི་ ཡོངས་འབྲེལ་འཆར་སྒོ་དེ་ ད་རེས་ ཧེང་བཀལ་རྒྱ་བསྐྱེད་བཏང་མི་ལུ་བརྟེན་ ཚོང་འབྲེལ་ཁྲིམས་མཐུན་བཟོ་ནིའི་ དཀའ་ངལ་མར་ཕབ་གཏང་ནི་དང་ དྭངས་གསལ་ཡར་དྲག་གཏང་ནི་ དེ་ལས་ ཚོང་པ་ཚུ་ལུ་ ལམ་ལུགས་དང་འཁྲིལ་ ལཱ་འབད་ནིའི་ཟད་འགྲོ་ཚུ་ མར་ཕབ་གཏང་ཚུགས་ཟེར་ འཛམ་གླིང་དངུལ་ཁང་གི་ ཡོངས་འབྲེལ་གཞུང་གི་ མཁས་མཆོག་གོངམ་ ནུ་མ་ ཨེཕི་ ཌི་ མ་ག་ལྷེསི་གིས་སླབ་ཅི།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཐིམ་ཕུ་འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་འཚོགས་མི་ སྒེར་སྡེ་གོང་འཕེལ་ཚོགས་ཆུང་གི་ ཞལ་འཛོམས་སྐབས་ལུ་ སླབ་ཡོདཔ་ད་ ཡོངས་འབྲེལ་ལམ་ལུགས་དེ་ལུ་བརྟེན་ གཞུང་གི་འོང་འབབ་ཡང་ ཡར་སེང་གཏང་ཚུགས་ཟེར་སླབ་ཅི།
ཡོངས་འབྲེལ་འཆར་སྒོ་དེ་ཡང་ ད་རེས་ཀྱི་ གཞུང་གི་ཆ་ཤས་ཅིག་སྦེ་ རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱིས་ བཟོ་བཀོད་འབད་ཡོད་པའི་ ཚོང་འབྲེལ་ཆོག་ཐམ་ མཁོ་སྒྲུབ་འབད་ནིའི་ ཐབས་ལམ་ཅིག་ཨིནམ་ད་ དེ་ཡང་ ན་ཧིང་ སྤྱི་ཟླ་༨ པའི་ནང་ འགོ་འབྱེད་འབད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ འཆར་སྒོ་དེ་ལུ་ བརྡ་དོན་ཧེང་བཀལ་ཚུ་བཙུགས་ཏེ་ དུས་མཐུན་བཟོ་དགོཔ་ད་ ལམ་ལུགས་དེ་ རྒྱལ་ཁབ་ཀྱི་ ཆོག་ཐམ་སྤྲོད་མི་ལས་སྡེ་༢༩ ག་རའི་ནང་ ངེས་པར་དུ་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་ཅིག་ཡང་ གནང་ཡོདཔ་ཨིན་པས།
ཆོག་ཐམ་མཁོ་སྒྲུབ་འབད་ནིའི་ ཡོངས་འབྲེལ་འཆར་སྒོ་དེ་ནང་ལས་ ཚོང་འབྲེལ་གྱི་ཆོག་ཐམ་དང་ གནང་བ་ཚུ་གི་སྐོར་ལས་ བརྡ་དོན་ཁ་གསལ་སྦེ་ འཐོབ་ཚུགས་ནི་དང་ དེ་ཚུ་གི་དོན་ལུ་ ཁྱད་ཚད་དང་ འཐུས་ཀྱི་ཚད་གཞི་ དེ་ལས་ འབྲེལ་ཡོད་དབང་འཛིན་དང་ འབྲེལ་བ་འཐབ་སའི་ཁ་བྱང་ཚུ་ཡང་ ཡོངས་རྫོགས་སྦེ་ འཐོབ་ཚུགས་ནི་ཨིན་པས།
འཆར་སྒོ་དེ་ བསྟན་རྒྱས་ལྷན་ཁག་གིས་སྦེ་ ལག་ལེན་འཐབ་ཐོག་ལས་ དུས་མཐུན་བཟོ་དོ་ཡོདཔ་ད་ ཁ་ཙ་ འཆར་སྒོ་དེ་གི་ཐོག་ལུ་ འཛམ་གླིང་དངུལ་ཁང་གི་ འཐུས་མི་ཡན་ལག་ཅིག་ཨིན་མི་ རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་བའི་སྐབས་ ཚོགས་ཆུང་གི་འཐུས་མི་ ལེ་ཤ་ཅིག་གིས་ར་ ལམ་ལུགས་དེ་ལུ་བརྟེན་ ཕན་ཐོགས་འབྱུང་ནི་ཨིན་པའི་ ངལ་རངས་བསྐྱེད་ཡོདཔ་ཨིན།
ཨིན་རུང་ ལམ་ལུགས་དེ་ ལག་ལེན་འཐབ་པའི་སྐབས་ ཏི་རུ་སྤྲོད་ནི་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་འབད་དགོཔ་ད་ དེ་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་གཙོ་འཛིན་ ཨོ་རྒྱན་ཚེ་ཁྱབ་རྡོ་རྗེ་གིས་ ཏི་རུ་ཚུ་ སྤྲོད་ནིའི་དོན་ལུ་ ཀེ་རེ་ཌིཊ་ཀཱཌ་དང་ ཝི་ཟ་ཀཱཌ་ཟེར་མི་ཚུ་ དགོ་ནི་ཨིནམ་ལས་ ད་རེས་ འབྲུག་མི་ཚུ་གི་ གནས་སྟངས་ལུ་བལྟ་བ་ཅིན་ ལམ་ལུགས་དེ་ལུ་བརྟེན་པའི་ ཕན་ཐོགས་ག་དེ་སྦེ་ འབྱུང་འོང་ག་མནོ་བའི་ དོགས་པ་ཡོད་ཟེར་སླབ་ཅི།
ཚོགས་ཆུང་གི་ཁྲི་འཛིན་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ འགོ་བཙུགས་པའི་སྐབས་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ འཐོན་ནི་ཨིན་རུང་ འགྲོས་ཀྱིས་སྦེ་ ལེགས་ཤོམ་འགྱོ་འོང་ཟེར་སླབ་ཅི།
ནུ་མ་གིས་ བཤད་མིའི་ནང་ མ་གཞི་ ཡོངས་འབྲེལ་ཐོག་ལས་ ཏི་རུ་སྤྲོད་ནིའི་ནང་ དཀའ་ངལ་འབྱུང་སྲིད་ནི་བཟུམ་ཅིག་མཐོང་རུང་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་དེ་ གཞུང་དང་ མི་སེར་༢ ཀྱི་བར་ནའི་ མཉམ་འབྲེལ་གྱི་ལཱ་ལུ་ རག་ལས་འོང་ཟེར་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ཀྱི་ གཞུང་ལས་ཚོང་པ་ཟེར་མི་ ལམ་ལུགས་དང་ གཞུང་ལས་མི་སེར་ཟེར་མི་ ལམ་ལུགས་༢ གཅིག་ཁར་སྦེ་ འབྲེལ་དགོ་པའི་གནད་དོན་ཡང་ ལེ་ཤ་ཅིག་ར་ འཐོན་ནི་ཨིན་མི་དང་འཁྲིལ་ གྲུབ་འབྲས་ཚུ་ མགྱོགས་དྲགས་སྦེ་ར་ འཐོན་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
གཞུང་ལས་ མི་སེར་ཟེར་མི་ འཆར་སྒོའི་དོན་ལུ་ བརྡ་དོན་དེབ་ཆུང་ཚུ་ཡང་ བཟོ་སྟེ་ཡོདཔ་ལས་ ཡོངས་འབྲེལ་ཐོག་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་དང་ དེ་ནང་ ལྟ་བཤལ་ལག་ལེན་འཐབ་མི་ཚུ་གི་དོན་ལུ་ ཉོགས་མེད་ཡི་གུ་དང་ བཟའ་ཁང་ཆོག་ཐམ་གྱི་ རྒྱབ་སྣོན་ཡི་གུ་ སྒེར་གྱི་སློབ་གྲྭ་ གཞི་བཙུགས་ཀྱི་གནང་བ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ནང་ ཐོ་བཀོད་ཆོག་ཐམ་ སྨན་རིགས་ཀྱི་དོན་ལུ་ འཕྲུལ་རིག་དབང་ཆའི་ཡི་གུ་ ཤིང་དུམ་སྐྱེལ་འདྲེན་གནང་བ་ ལཱ་གི་གནང་བའི་ཆོག་ཐམ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་གནང་བ་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ དེ་ལས་ ནང་འཁོད་ལས་འགུལ་གྱི་ གནང་བ་ཚུ་ ཚུདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment