གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་ཆུ་ཉམས་བཅོས་འབད་མི་གིས་ ཕན་ཐབས་སྦོམ་འབྱུང་ནི།

༢༣/༣/༢༠༡༣   ༉ སྐྱེས་ལོ་༥༢ ལང་མི་ ཨྱོན་དེ་ ཁོ་ར་ རྐང་ཚིགས་ལག་ཚིགས་ཚུ་ན་བའི་སྐབས་ལུ་ ན་ཟུག་སངས་ཐབས་ལུ་ ཡོངས་གྲགས་ཅན་གྱི་ མགར་ས་ཚ་ཆུ་དང་ དགེ་ལེགས་ཕུག་གི་ ཚ་ཆུ་སྦང་བར་འགྱོ་ནིའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ བཟའ་ཚང་ནང་ སྟབས་མ་བདེཝ་ཡོདཔ་ལས་བརྟེན་ ད་ཚུན་ལུ་ འགྱོ་མི་ཚུགསཔ་ཨིན་པས།
སྨན་ཆུ་སྦང་ཐོག་ལས་ དགའ་སྐྱིད་ཀྱི་ཉིནམ་ བརྩི་སྲུང་འབད་བའི་བསྒང་།


དེ་ཡང་ ཁོ་རའི་ཟླ་རིམ་དངུལ་ཕོགས་ཀྱིས་ ནང་མི་བཟའ་ཚང་འཚོ་སྐྱོང་འཐབ་དགོཔ་མ་ཚད་ གཡུས་ཁ་ལུ་ཡོད་པའི་ ཕམ་སྤུན་ཆ་ཚུ་ཡང་ བལྟ་དགོཔ་ཡོདཔ་ལས་ ཚ་ཆུ་ སྨན་ཆུ་སྦང་བར་ལྷོད་མ་ཚུགས་རུང་ ད་རེས་ནངས་པ་ ཁོ་གི་མནོ་དོན་འགྲུབ་ཐབས་ལུ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ ལམ་འགྱོ་ཚུགས་པ་ཅིན་ ན་ཟུག་དེ་སངས་ཚུགས་ནི་ཨིན་མི་དེ་ཡང་ མོང་སྒར་རྫོང་ཁག་ནང་ སྨན་ཆུ་ཅིག་ཡོད་མི་དེ་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ལེགས་བཅོས་འབད་མི་ལུ་བརྟེན་ཨིན་པས།
ཡོངས་གྲགས་ལུ་ ཆོར་ཆོར་མ་ཟེར་བའི་ ཆུ་གཤོང་གི་མཐའ་མར་ཡོད་པའི་ སྨན་ཆུ་དེ་ དུས་ཅི་ འབྲུག་ལུ་ འགོ་དང་པ་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ སྦང་སའི་ས་གོ་ཚུ་ མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སྒོ་འབྱེད་འབད་དེ་ དགའ་སྐྱིད་ཀྱི་ཉིནམ་དེ་ སྨན་ཆུ་སྦང་ཐོག་ལས་ བརྩི་སྲུང་ཞུ་ཚུགས་མི་ལུ་ སེམས་དགའ་བ་བྱུང་ཡོདཔ་ཨིན་པས།
དུས་དང་ཕུ་ལས་ཡོད་པའི་ སྨན་ཆུ་དེ་ ཧེ་མ་ཚར་ཅིག་ ཡོངས་གྲགས་ཡོད་རུང་ བར་སྐབས་ཅིག་ ཉམས་ནི་གུ་ཐུག་ཡོདཔ་བཞིན་དུ་ རྫོང་ཁག་བདག་སྐྱོང་གིས་ཁ་ཐུག་ལས་ ཆུ་སྦང་སའི་ས་ཁོངས་ ལེགས་ཤོམ་བཟོ་ཡོདཔ་ཨིན་པས།
ས་གནས་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ སྨན་ཆུ་དེ་ ཧེ་མ་ལས་ར་ ཡོངས་གྲགས་ཅན་ཅིག་ཨིན་ཟེར་ཨིནམ་ད་  སྨན་ཆུ་སྦང་པ་ཅིན་ རྐང་ཚིགས་ལག་ཚིགས་ན་མི་དང་ གྲང་བའི་ནད་གཞི་ཚུ་ དྲག་དོ་ཡོདཔ་ལས་ ནད་རིགས་དག་ཚུགས་པའི་ སྨན་ཆུ་ཅིག་ཨིན་ཟེར་ཨིན་པས།
མོང་སྒར་ སྤེག་ཅ་རུང་ལས་ སྐྱེས་ལོ་༨༧ ལང་མི་ མེ་མེ་ཆང་ལུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྨན་ཆུ་དེ་ ས་གནས་ཀྱི་མི་སེར་ཚུ་གིས་མ་ཚད་ མོང་སྒར་རྫོང་ཁག་གི་ རྩ་མང་དང་ ཙ་ཀ་གླིང་ འབྲས་སྤུངས་ ཆ་གླིང་རྒེད་འོག་གི་མི་སེར་ཚུ་གིས་ བདུན་ཕྲག་ལས་བཅད་དེ་ སྨན་ཆུ་སྦང་བར་འོང་དོ་ཡོདཔ་མ་ཚད་ ཚོང་བཏོན་པ་འགྱོ་མི་ཚུ་གིས་ཡང་ སྨན་ཆུ་སྦངས་སྟེ་སྡོདཔ་མས་ཟེར་ ཨིན་པས།
སྨན་ཆུ་དེ་ གནམ་བྱཱར་དགུན་མེད་པར་ ཐོན་དོ་ཡོདཔ་མ་ཚད་ ཕོ་ཆུ་མོ་ཆུ་སྦེ་ཡོདཔ་ལས་ སྨན་ཆུ་གི་སྦོ་ལོགས་ཁར་འགྱོ་ལྟཝ་ད་ བྱ་གི་ཨ་བ་གི་དྲིམ་བསྣམ་དོ་ཡོདཔ་ཨིན་པས།
མི་ཚུ་གི་ཁ་རྒྱུན་ལས་འབད་རུང་ སྨན་ཆུའི་མཐའ་འཁོར་ལུ་ཡོད་པའི་ རྡོ་ཚུ་ གསེར་རྡོ་ཨིནམ་སྦེ་སླབ་ནི་ཡོད་ཟེར་ཨིན་རུང་ ད་རེས་ནངས་པ་ འཁོར་ལམ་ལུ་བརྟེན་ རྡོ་ཚུ་ས་གནས་གཞན་ཁ་ལས་ འཚོལ་འབག་འོངདོ་ཡོདཔ་ཨིན་མས།
སྒོ་འབྱེད་རྟེན་འབྲེལ་གྱི་ཉིན་མར་ སྨན་ཆུ་སྦང་ནིའི་འགོ་སྐབས་ཐོབ་མི་ ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ རྐང་ཚིགས་ལག་ཚིགས་ཚུ་ན་དོ་ཡོདཔ་ཨིན་རུང་ སྤྱི་ཟླ་འདི་གི་ཚེས་༢༠ ལུ་ སྨན་ཆུ་སྦང་མི་ལུ་བརྟེན་ དྲག་དོ་བཟུམ་གྱི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ རྫོང་ཁག་ནང་ འདི་བཟུམ་གྱི་ཞབས་ཏོག་ལུ་བརྟེན་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐབས་འབྱུང་ནི་ཨིན་མས་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ མ་དངུལ་དངུལ་ཀྲམ་ས་ཡ་༢ དེ་ཅིག་བྱིན་མི་ཚུ་ ལག་ལེན་འཐབ་ཐོག་ལས་ མཐུན་རྐྱེན་མཁོ་སྒྲུབ་འབད་ཡོདཔ་ད་ སྨན་ཆུ་དེ་ཁར་ བཟའ་ཁང་དང་ ཁྲུས་ཁང་ དེ་ལས་ གསང་སྤྱོད་ སྨན་ཆུ་འཛིན་སྐྱོང་པའི་དོན་ལུ་ ཁྱིམ་རྐྱབ་ཡོདཔ་མ་ཚད་ འཁོར་ལམ་གྱི་མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment