གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚང་དམར་བསད་འབད་མི་ ཕོ་སྐྱེས་ཅིག་ལུ་ ཉེས་ཁྲིམས་ཡངས་ཆག་མེད་པར་ ཚེ་བཙོན་བཀལ་ཡོདཔ།

༢༣/༣/༢༠༡༣   ༉ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་འདུན་གྱིས་ ཕོ་སྐྱེས་ཅིག་ལུ་ གནས་ཚང་དམར་བསད་འབད་བའི་ཉེས་ཁྲིམས་ ཚེ་བཙོན་བཀལ་མི་དེ་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ཡོད་རུང་ ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་ ཐོག་མའི་འཁྲུན་ཆོད་ལུ་ བསྟར་སྤྱོད་མཛད་ཡོདཔ་ཨིན་པས།


ཉེས་ཅན་གྱིས་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ ང་རང་ཉལ་སྡོད་པའི་སྐབས་ གནས་ཚང་གིས་ ཁྱིམ་ནང་སྡོད་མི་དགོ་ འཐོན་སོང་ཟེར་སླབ་སྟེ་ དེ་འཕྲོ་ལས་ དཔའ་རྟགས་འཐུ་འབག་འོངམ་ད་ ཁོ་གི་ལགཔ་དང་ བརླད་དོ་གུ་ བླུགས་བྱིན་མི་ལུ་བརྟེན་ ཧང་སྟོང་མར་ རྣམ་རྟོག་ལང་པའི་ཤུགས་ཀྱིས་ བྱ་ངན་འཐབ་དགོཔ་ཐོན་སོ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ བྱ་ངན་ཚུ་ག་ར་ ཤེས་བཞིན་བསམ་བཞིན་ཐོག་ལས་ འབད་འབདཝ་མེདཔ་ལས་ ཉེས་ཁྲིམས་ཚེ་བཙོན་མེན་པར་ ཁྲིམས་ཚད་གུ་ ཕབ་གནང་དགོཔ་སྦེ་ ཞུ་ནུག།
ཨིན་རུང་ ཆེ་མཐོའི་ཁྲིམས་འདུན་ལས་ ཞིབ་དཔྱད་མཛད་མི་དང་འཁྲིལཝ་ད་ བསྐྱར་ཞིབ་སྐབས་ ཚེ་འདས་ཀྱིས་ གོང་གི་བྱ་ངན་འབད་དེ་ཡོད་རུང་མེད་རུང་ དེ་བཟུམ་གྱི་ བྱ་ངན་བྱུང་བའི་སྐབས་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་དགོཔ་མ་གཏོགས་ ཐད་ཀར་དུ་ ཕོཝ་ནང་ཨ་ལུ་ཆགས་མི་གནས་ཚང་ལུ་ རང་གི་ཚེ་གཅིག་གི་ སྙིང་གྲོགས་སྦེ་ སྙིང་རྗེ་ག་ནི་ཡང་ མ་བསྐྱེད་པར་ མཚོན་ཆ་དཔའ་རྟགས་ཀྱིས་ བླུགས་བྱིན་ནུག་ཟེར་ཨིན་པས།
ཁོ་གིས་ མགུ་ཏོག་དང་ ཕོཝ་ གདོང་གུ་ དཔའ་རྟགས་བླུགས་བྱིན་ནི་དེ་གིས་ གནས་ཚང་གི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོདཔ་མ་ཚད་ ཕོཝ་ནང་ཆགས་མི་ ཨ་ལུ་དེ་ཡང་ བཟོད་མ་ཚུགས་པའི་སྡུག་སྦྱོང་བྱིན་ཏེ་ མི་ལུས་རིན་པོ་ཆེ་༢ སྲོག་གཅོད་འབད་བའི་ ཉེས་པ་ལུ་བརྟེན་ ཚེ་བཙོན་ལས་ འགྲོལ་ཐབས་མིན་འདུག་ཟེར་ བཀའ་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ཟླ་༢ པའི་ཚེས་༡༥ ལུ་གནང་མི་ ཐོག་མའི་འཁྲུན་ཆོད་དང་འཁྲིལཝ་ད་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་དེ་གིས་ སྤྱི་ལོ་༢༠༡༢ ཟླ་༩ པའི་ཚེས་༢༠ ལུ་ ཁོ་རའི་གནས་ཚང་ དམར་བསད་འབད་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ སྲས་ཕུག་རྒེད་འོག་ བེམ་པོ་གཡུས་ཚན་ནང་ བྱུང་ཡོདཔ་ད་ དེ་བསྒང་ ཉེས་ཅན་དེ་དང་ སྐྱེས་ལོ་༣༧ ལང་མི་ ཁོ་རའི་གནས་ཚང་གི་བར་ན་ འཐབ་འཛིང་འབད་བའི་སྐབས་ ཁོ་གིས་ གྱི་ཅུང་ལག་ལེན་འཐབ་སྟེ་ གནས་ཚང་གི་ ཨོལ་ལྐོག་བཏོགས་བཏང་པའི་ཁར་ ལགཔ་དང་ བརླད་དོ་ལུ་ གྱི་ཐེངས་ལེ་ཤ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཕོཝ་གུ་ གྱི་རྐྱབ་པའི་སྐབས་ ཕོཝ་ནང་ ཟླཝ་༨ ལང་མི་ ཨ་ལུ་དེ་ཡང་ བསད་མི་ལུ་བརྟེན་ ཨ་ལུ་ དམར་བསད་འབད་བའི་ ཉེས་འཛུགས་ཡང་ བཀལ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ ཚེ་འདས་ཀྱི་ཁྱིམ་ནང་ ཕྱི་རུའི་ཆུ་ཚོད་༧ དང་༨ དེ་ཅིག་གི་བར་ན་ བྱུང་ཡོདཔ་ད་ དེ་ཡང་ ཁོང་༢ ཀྱི་བར་ན་ འཐབ་འཛིང་འབད་བའི་ཤུལ་ལས་ ཚེ་འདས་ཨམ་སྲུ་དེ་ མོ་རའི་ཁྱིམ་ནང་ ཉལ་སྡོད་པའི་སྐབས་ རྨགཔ་གིས་ མགུ་ཏོ་དང་ ཨོལ་ལྐོག་ དེ་ལས་ ལགཔ་གུ་ གྱི་ཅུང་རྐྱབ་བྱིན་པའི་ཤུལ་ལས་ ཕོཝ་གུ་བླུགས་པའི་སྐབས་ ཨ་ལུ་གུ་ཕོགཔ་ལས་ བསད་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་དང་ དབང་འདུས་རྫོང་ཁག་སྨན་ཁང་ལས་ གསོ་བའི་མཁས་མཆོག་ཚུ་གིས་ ས་གནས་དེ་ཁར་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ ཨམ་སྲུ་དེ་གི་གཟུགས་ཁ་ལས་ ཁྲག་ལེ་ཤ་ཐོན་འགྱོ་མི་ལུ་བརྟེན་ ཤི་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་གིས་འབད་རུང་ ཁྱིམ་ག་ར་ ཁྲག་གིས་གང་སོ་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་སྐོར་ལས་ དབྱེ་ཞིབ་འབདཝ་ད་ ཚེ་འདས་ཨམ་སྲུ་དེ་ལུ་ རྨགཔ་བགྲེསཔ་ལས་ བུ་ཅིག་ཡོད་མི་དེ་གིས་ ཁྲུས་བབས་ཀྱི་ངལ་གསོའི་དོན་ལུ་ ཨའི་ལེན་པར་ཤོག་ཟེར་ ཨའི་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ ཉེས་ཅན་དེ་གིས་ ཨའི་ལུ་ རྒྱབ་ཁ་ལས་ བློ་ངན་པ་སླབ་སར་ གོ་ཡི་ཟེར་ཨིནམ་ད་ སྐྱེས་ལོ་༡༣ ལང་མི་བུ་དེ་ དབང་འདུས་དགོན་པའི་ བཤད་གྲྭའི་དགེ་སློང་ཨིན་པས།
དེ་ལས་ ཨའི་གིས་ ཁོ་ལེན་པར་མ་འོང་ནི་དེ་གིས་ ཁོ་ར་རྐྱངམ་གཅིག་ རྐང་ཐང་སྦེ་ ཁྱིམ་ནང་ལྷོད་པའི་སྐབས་ ཨའི་དམར་བསད་འབད་ཡོདཔ་མཐོངམ་ལས་ སྤུན་ཆ་དང་ ཁྱིམ་ཚང་ཚུ་ལུ་ བརྡ་ལན་འབད་ཡོདཔ་ཨིན་པས།
ཉེས་ཅན་ཕོ་སྐྱེས་དེ་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ གཡུས་སུ་སྒང་ལས་ཨིནམ་ད་ ཁོང་༢ གཉེན་རྐྱབ་སྟེ་ ལོ་༢ དེ་ཅིག་ ལང་ཡོདཔ་ཨིན་པས།
ཁ་ཙ་ ཆེ་མཐོ་ཁྲིམས་ཁྲི་༢ པ་ལས་གནང་མི་ བཀའ་རྒྱ་དང་འཁྲིལཝ་ད་ བསམ་པ་མ་རྫོགས་པ་ཅིན་ དུས་ཡུན་ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment