གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༦/༣/༢༠༡༣   དགེ་སློང་ཚུ་ལུ་ཡང་ མཐུན་རྐྱེན་ལེགས་ཤོམ་གནང་དགོ་པའི་ཞུ་བ།
༉ འབྲུག་གི་རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ དགེ་འདུན་སློབ་གྲྭ་དང་ ཨ་ནེམོ་གྲྭ་ཚང་ བཤད་གྲྭ་ལ་སོགས་པ་ གཞི་བཙུགས་གནང་མི་དེ་གིས་ ཕམ་ཉམ་ཆུང་ཚུ་གི་ ཨ་ལུ་ཚུ་ དེང་སང་ཤེས་རིག་ལམ་ལུགས་ནང་ འཛུལ་ཞུགས་དང་ ཐོ་བཀོད་འབད་མ་ཚུགས་མི་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་ཡོད་ཟེར་ཞུ་ནི།


དེ་མ་ཚད་ འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ མི་ལེ་ཤ་ཅིག་གིས་ར་ ཨ་ལུ་༤ ཡོད་པ་ཅིན་༡ དགེ་འདུན་སློབ་གྲྭ་ནང་ བཙུགས་ནི་གི་ མནོ་བསམ་བཏངམ་མ་ཚད་ ཨ་ལུ་ལ་ལུ་ཅིག་གིས་ ཁོང་ར་གིས་ར་ དགེ་སློང་འབད་ནི་གི་ སྤྲོ་བ་བསྐྱེད་མི་དེ་ གནམ་མེད་ས་མེད་ ལེགས་ཤོམ་ཨིན་མས་ཟེར་ཞུ་ནི།
ཨིན་རུང་ མཐུན་རྐྱེན་ཚུ་གི་ཐད་ལུ་ལྷོདཔ་ད་ དགེ་འདུན་སློབ་གྲྭ་ག་ཏེ་ར་ཨིན་རུང་ དེང་སང་ཤེས་རིག་སློབ་གྲྭ་ཚུ་དང་ཕྱདཔ་ད་ སྐྱོ་དྲགས་སྦེ་ར་ མཐོངམ་མ་ཚད་ གསོ་བའི་གནས་ཐོ་ཚུ་ནང་ལྟ་རུང་ དགེ་སློང་དང་ ཨ་ནེམོ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལེགས་ཤོམ་མེད་པའི་ གསལ་སྟོན་འབད་མི་དེ་ལུ་ ཚ་གྱང་ལང་དགོཔ་འདུག་ཟེར་མནོཝ་མས།
མཐུན་རྐྱེན་ཟེརཝ་ད་ བཞེས་སྒོ་བཅུད་ཅན་དང་ བཟའ་ཉལ་ཁང་ གསང་སྤྱོད་ ཁྲུས་ཁང་ཚུ་ སློབ་གྲྭ་གཞན་ཚུ་དང་ གཅིག་མཚུངས་ཐོབ་དགོཔ་འདུག་ཟེར་ ཞུ་ནི། གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ དགེ་འདུན་སློབ་གྲྭ་ལ་ལུ་ཅིག་ནང་ དགེ་ཕྲུག་ཚུ་ ཁང་མིག་ཅིག་ནང་ ཨེབ་ཏ་རྐྱབ་སྟེ་ ཉལ་དགོཔ་བྱུང་མི་ལུ་བརྟེན་ ནད་རིགས་ཚུ་ སྤེལ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ གསལ་བཀོད་འབད་ནུག།
འབྲུག་གི་དམངས་གཙོའི་རིང་ལུགས་ནང་ དགེ་སློང་དང་ ཨ་ནེམོ་ལ་སོགས་པའི་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ཡུལ་ལུ་ གནས་དགོཔ་ལས་ ཁོང་ཆ་ཁྱབ་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་ཕར་བཞག་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་ཡང་ བསྟར་སྤྱོད་འབད་མ་ཆོགཔ་ཨིན།
འདི་བཟུམ་མའི་ གནས་སྟངས་ནང་ སྲིད་ཚོགས་དང་ གཞུང་སྐྱོང་ཚོགས་པ་ཚུ་གིས་ ཆོས་སྒོར་ཞུགས་མི་ཚུ་ལུ་ ཚོགས་རྒྱན་གྱི་ ཐོབ་དབང་མེད་མི་ལུ་ གོ་སྐབས་ལེན་ཐོག་ལས་ གྲྭ་ཚང་དང་ དགེ་འདུན་སློབ་གྲྭ་ བཤད་གྲྭ་ཚུ་ལུ་ རྒྱབ་སྐྱོར་མ་འབད་བར་ སྣང་མེད་སྦེ་ བཞག་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་ཞུ་ནི།
ཨིན་རུང་ ང་བཅས་རའི་ སྲིད་དོན་ཚོགས་པ་ཚུ་གིས་ འདི་བཟུམ་འབད་འོང་མནོ་བའི་ རེ་བ་རྩ་ལས་མེད་མི་དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་ཡོད་མི་དེ་ གྲྭ་ཚང་དང་ ཆོས་སྡེ་ཚུ་གིས་ བསྟན་སྤྱིའི་སྐུ་རིམ་ཚུ་ རྒྱུན་མ་ཆད་པར་གནང་བའི་ བཀྲིན་ལུ་བརྟེན་ཨིན་ཟེར་ཞུ་ནི།
འདི་འབདཝ་ལས་ ཆོས་སྡེ་ཚུ་ཡང་ ཡར་རྒྱས་གཏང་དགོ་པ་ཅིན་ དགེ་འདུན་སློབ་གྲྭ་དང་ བཤད་གྲྭ་ ཨ་ནེམོ་གྲྭ་ཚང་ཚུ་ལུ་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གནང་དགོཔ་འདི་ ག་ནི་བ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ཞུ་ནི།

དགེ་འདུན་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ལེགས་ཤོམ་ཡོད་པ་ཅིན་ ན་གཞོན་བུཚ་ཚུ་གིས་ དགེ་སློང་ནང་ འཛུལ་ཞུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་ནི་དང་ ཚུལ་མིན་གྱི་ ལག་ལེན་འཐབ་ནི་ཚུ་ཡང་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།
བསྟན་འཛིན་རྡོ་རྗེ། ལུང་བསྟན་ཕུག།

No comments:

Post a Comment