གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྲིད་བློན་པོ་གིས་ མཐོ་གཏུགས་ཞུ་ཡིག་བཙུགས་ཡོདཔ།

༢༢/༣/༢༠༡༣   ཚོགས་ཆུང་གི་ འཐུས་མི་གཞན་ཚུ་གིས་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ བཅར་ཡོདཔ་ཨིན་པས།
༉ མོང་སྒར་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ འཁྲུན་ཆོད་གནང་མིའི་རྒྱབ་འགལ་ལུ་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནིའི་དོན་ལུ་ ཁ་ཙ་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་མི་དེ་ ཚོགས་ཆུང་གི་ འཐུས་མི་ཚུ་གི་གྲས་ལས་ མཇུག་ཨིན་པས།


ནང་སྲིད་བློན་པོ་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མི་ལུ་བརྟེན་ མཐོ་གཏུགས་འབདཝ་ཨིན་ཟེར་ རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ སླབ་ཨིན་པས།
རྒྱབ་མི་གིས་འབད་བ་ཅིན་ ཉེས་རྩོད་ཀྱི་ ཉེས་པ་སྨིན་དགོ་པ་ཅིན་ མི་དེ་གིས་ མནོ་ཞིང་བསམ་ཞིང་ཐོག་ལུ་ རང་ལུ་ཁེ་ཕན་ཡོད་པའི་ ཁྲིམས་འགལ་གྱི་ལཱ་ཅིག་ འབད་དགོ་ཟེར་ཨིནམ་ད་ མཐོ་གཏུགས་འབད་དགོ་པའི་ གནད་དོན་གཞན་ཡང་ དག་པ་ཅིག་ཡོད་ཟེར་སླབ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༨ ལུ་ འཁྲུན་ཆོད་བཏོན་པའི་སྐབས་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ལུ་བརྟེན་ ཁྲིམས་འཐུས་བཏབ་ཆོག་པའི་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ད་ ནང་སྲིད་བློན་པོ་གིས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ གཞུང་གིས་བཀོད་དེ་ཡོད་པའི་ ཚད་གཞི་དང་ ལམ་ལུགས་ཚུ་དང་ མ་འཁྲིལ་བར་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ ཀུན་བཟང་སྒྲོལ་མ་ལུ་ ས་ཚན་༣ བགོ་སྤྲོད་འབད་ཡོདཔ་ཨིན་པས།
ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་ཐོག་ལུ་ བློན་པོ་མི་འགྱུར་རྡོ་རྗེ་གིས་ སྤྱི་ལོ་༢༠༠༥ ཟླ་༩ པའི་ཚེས་༡༩ ལུ་ དགྲ་མེད་རྩེ་གྲྭ་ཚང་ལུ་ ས་ཆ་ཕིཊ༌གྲུ་བཞི་༤,༦༤༨.༣༢ དང་ མཁར་ཆུ་གྲྭ་ཚང་ལུ་ ཕིཊ༌གྲུ་བཞི་༤,༦༤༨.༣༢ དེ་ལས་ སྤྱི་ལོ་༢༠༠༦ ཟླ་༥ པའི་ཚེས་༡ ལུ་ ཀུན་བཟང་སྒྲོལ་མ་ལུ་ ས་ཆ་ཕིཊ༌གྲུ་བཞི་༤,༦༤༧.༣༢ སྤྲོད་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ དགྲ་མེད་རྩེ་གྲྭ་ཚང་དང་ མཁར་ཆུ་གྲྭ་ཚང་༢ ཀྱི་ ས་ཆ་དེ་ གཞུང་ལུ་ ཕུལ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་འབད་ནི་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀའ་ཤོག་དང་ འགལ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་དང་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ གཞུང་གི་ཚད་གཞི་དང་ ལམ་ལུགས་ཚུ་དང་མ་འཁྲིལ་བར་ བགོ་བཀྲམ་འབད་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱི་ མཐོ་གཏུགས་ཞུ་ཡིག་དེ་ཡང་ ཁ་ཙ་བཙུགས་ཡོདཔ་ཨིན་པས།
དེ་ལས་ རང་སོའི་འགན་ཁུར་ཚུ་ ཚུལ་བཞིན་དུ་ མ་འབག་པའི་ བཙོན་ཁྲིམས་ལོ་རེ་ཕོག་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ བཅར་ཡོདཔ་ད་ འཐུས་མི་༡༣ གྱིས་ ཁོང་གི་ངོ་ཚབ་སྦེ་ རྒྱབ་མི་ཅིག་ བཙུགས་ཐོག་ལས་ རྩོད་གཞི་ཕྱེ་ནི་གི་ རེ་བ་བསྐྱེད་མི་དེ་ཡང་ འཐུས་མི་ཆ་མཉམ་གྱི་ རྩོད་དོན་གཅིག་དང་ ཉེས་པ་གཅིག་འབད་ནི་དེ་གིས་ཨིན་ཟེར་ འཐུས་མི་ཅིག་གིས་ སླབ་ཨིན་པས།
འཐུས་མི་༡༣ པོ་དེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་བཞུགས་པའི་སྐབས་ལུ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཨིནམ་ད་ ཁོང་གི་གྲས་ལས་ ཚོང་པའི་སྤྱི་མི་བགྲེསཔ་ གནམ་སྒང་ལ་གིས་ སླབ་མིའི་ནང་ བློན་པོ་མི་འགྱུར་རྡོ་རྗེའི་སྐབས་ལུ་ ས་ཆ་བགོ་བཀྲམ་འབད་མི་དེ་ མི་དབང་མངའ་ཞབས་མཆོག་དང་ གཞུང་གི་ཚད་གཞི་དང་ ལམ་ལུགས་ག་ཅི་ལས་ཡང་ འགལ་འགལཝ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་བགོ་བཀྲམ་དེ་ གཞུང་གི་ཁྲིམས་ལུགས་དང་འཁྲིལ་ འབད་ཡོདཔ་ལས་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་གིས་བཟོ་བའི་ ཁྲིམས་མེན་པར་ གཞུང་ཞབས་ཀྱིས་ བཟོ་མི་ཁྲིམས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཆ་གནས་མེདཔ་མ་ཚད་ རྫོང་ཁག་ཁྲིམས་འདུན་གྱིས་ཡང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གིས་ རང་མོས་རྣམ་དག་ཐོག་ལུ་ མ་འབད་བས་ཟེར་ ཉེས་ཁྲིམས་བཀལ་མི་ལུ་ རྩ་ལས་ར་ བསམ་པ་མ་རྫོགས་ཟེར་ཨིན་པས།
ངན་ལྷད་ཀྱི་ ལཱ་འབད་དགོ་པ་ཅིན་ ཁེ་ཕན་ཅིག་ བྱུང་དགོཔ་མ་ཚད་ ཉེས་རྩོད་ཀྱི་ ཉེས་པ་སྨིན་དགོ་རུང་ མནོ་ཞིང་བསམ་ཞིང་གི་ ལཱ་འབད་དགོཔ་ལས་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ དེ་བཟུམ་གྱི་ ལཱ་ངན་འབད་འབདཝ་མེདཔ་ལས་ དྲང་ཁྲིམས་འཐོབ་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བར་འོང་ཡི་ཟེར་ ཐིམ་ཕུ་ལུ་ ལྷོད་ཡོད་མི་ གནམ་སྒང་ལ་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment