གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གི་ མཉམ་འབྲེལ་གྲོས་འཛོམས།

༣༠/༣/༢༠༡༣  ༉ ཁ་ཙ་ འབྲུག་གི་སྲིད་ཚོགས་གསརཔ་༣ གྱི་ གཙོ་འཛིན་དང་ གཙོ་འཛིན་འོག་མ་ དེ་ལས་ ཚོགས་པ་དེ་ཚུའི་ འཐུས་མི་སྡེ་ཚན་ཅིག་གིས་ གཞུང་སྐྱོང་ཚོགས་པའི་གཙོ་འཛིན་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་གཅིག་ཁར་ མཉམ་འབྲེལ་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ འཛམ་གླིང་ནང་ སྲིད་ཚོགས་ཀྱི་ དབུ་ཁྲིད་ཚུ་གི་དོན་ལུ་ མིག་དཔེ་བཟང་པོ་ཅིག་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ སྲིད་ཚོགས་གསརཔ་ཚུ་གི་ གཙོ་འཛིན་དང་འཐུས་མི་ཚུ།



གྲོས་འཛོམས་སྐབས་ སྤྱིར་བཏང་གི་གནད་དོན་ཐོག་ལུ་ གཞུང་འབྲེལ་མེན་པའི་ གྲོས་བསྡུར་འབད་ཡོདཔ་མ་ཚད་ འབྲུག་གི་སྲིད་དོན་ཚོགས་པ་ཚུ་གིས་ ནང་འཁོད་དམིགས་ཡུལ་དང་ འཆར་གཞི་ ཐབས་ལམ་དང་ ལྟ་བ་ཐ་དད་ཐོག་ ལཱ་འབད་བའི་སྐབས་ རྒྱལ་ཁབ་གཅིག་གི་མཐའ་དོན་ལུ་ཨིནམ་ལས་ སྲིད་ཚོགས་ཚུ་ གཅིག་གིས་གཅིག་ལུ་ གུས་ཞབས་དང་ བརྩི་བཀུར་ཡོདཔ་སྦེ་ མཉམ་འབྲེལ་འབད་ནིའི་ ཁས་ལེན་ཚུ་ཡང་ འབད་ཡོདཔ་ཨིན།
སྲིད་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་གིས་ སྲིད་ཚོགས་ཚུ་གི་ ཡུན་བརྟན་དོན་ལུ་ གཞུང་ལས་ མ་དངུལ་གྱི་ རྒྱབ་སྐྱོར་དགོཔ་ཡོད་མི་དེ་ སྲིད་ཚོགས་ག་ར་གི་ གནད་དོན་ཅིག་ཨིནམ་སྦེ་ གྲོས་འཆམ་བྱུང་ཡོདཔ་མ་ཚད་ བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་གི་འབྲེལ་གཏོགས་ཡར་སེང་གི་དོན་ལུ་ སྤྱིར་བཏང་བཙག་འཐུའི་ ཚེས་གྲངས་དེ་ ཚུར་འཐེན་ནི་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡི།
ཨིན་རུང་ གནད་དོན་དེ་ཚུ་ གཞུང་འབྲེལ་མེནམ་ལས་ ཐག་བཅད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་དང་ སྲིད་ཚོགས་ཆ་མཉམ་གྱིས་ ངོས་ལེན་འབད་དགོཔ་ཨིན་ཟེར་ཨིནམ་ད་ ཁ་ཙ་གྲོས་འཛོམས་ནང་ མི་སེར་དམངས་གཙོ་ཚོགས་པའི་ནང་ལས་ འབྲེལ་གཏོགས་འབད་མི་ ག་ཡང་མ་ཐོན།
དེ་ལས་ སྲིད་ཚོགས་ཚུ་གིས་ འདེམས་ངོ་མ་ཐོབ་པའི་ གནད་དོན་ཚུ་ཡང་ གྲོས་བསྟུན་འབད་ཡོདཔ་ད་ དེ་ཡང་ བྷུ་ཊཱན་ཀུན་མཉམ་པར་ཊི་གི་ ཁྲི་འཛིན་བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ དམངས་གཙོའི་རིང་ལུགས་གོང་འཕེལ་དང་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ནིའི་ནང་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་དགོཔ་ཨིན་རུང་ དེ་ཚུ་ག་ར་ ཞི་གཡོག་ནང་ཡོདཔ་ལས་ ལྕོགས་གྲུབ་ཅན་གྱི་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ འབྲེལ་གཏོགས་འབད་ཆོག་པའི་ ཐབས་ལམ་འོས་འབབ་ལྡན་ཅིག་ བདེ་སྒྲིག་འབད་དགོཔ་ འདུག་ཟེར་ཨིན་པས།
འདེམས་ངོའི་གནད་དོན་དེ་ སྲིད་ཚོགས་ཀྱི་ སྙན་ཞུ་མེན་པར་ སྤྱིར་བཏང་མི་སེར་ཚུ་ ཚ་གྱང་ལང་དགོ་པའི་ སྙན་ཞུ་ཅིག་ཨིན་ཟེར་ འབྲུག་མཉམ་རུབ་ཚོགས་པའི་ཁྲི་འཛིན་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ མོ་གི་ཚོགས་པ་ནང་ འདེམས་ངོ་འཐོབ་ནིའི་ཐད་ཁར་ འདེམས་ཁོངས་དག་པ་ཅིག་ཨིནམ་ལས་ ས་སྟོང་དེ་ཚུ་ བསུབ་ནིའི་ནང་ དཀའ་ངལ་མེདཔ་ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ འདེམས་ངོའི་གནད་དོན་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ མོ་གི་ཚོགས་པའི་དོན་ལུ་ འདེམས་ངོའི་གྱངས་ཁ་ཚངམ་སྦེ་ ཐོབ་ཡོདཔ་ཨིན་རུང་ ལྕོགས་གྲུབ་ཅན་འཐོབ་ནི་གི་ཐད་ཁར་ དོ་འགྲན་སྦོམ་འདུག་ཟེར་ བཤདཔ་ཨིན་པས།
དེ་འབད་ནི་དེ་གིས་ རྒྱལ་ཁབ་ཀྱི་འདུན་ལམ་དང་འབྲེལ་བའི་ གནད་དོན་ཨིནམ་ལས་ སྲིད་ཚོགས་ཆ་མཉམ་གྱིས་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ འཐོབ་ནི་ལུ་ ཞི་གཡོག་གི་ལམ་ལུགས་ལུ་ བདེ་སྒྲིག་འབད་དགོཔ་སྦེ་ མཐོངམ་མས་ཟེར་ སླབ་ཨིན་པས།
སྲིད་ཚོགས་གསརཔ་གི་ གཙོ་འཛིན་ཚུ་གིས་ སླབ་མིའི་ནང་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་ འགོ་དང་པ་ མཉམ་འཛོམས་འབད་མི་དེ་ ག་ཏེ་ཡང་མེད་པའི་ མིག་དཔེ་བཟང་པོ་ཅིག་ཨིནམ་ལས་ མ་འོངས་པ་ལུ་ཡང་ དེ་སྦེ་ར་ འགོ་འདྲེན་འཐབ་ཚུགས་པའི་རེ་བ་ཡོདཔ་མ་ཚད་ ད་རེས་ འཛོམས་ཚུགས་མི་དེ་ལུ་ དགའ་སྤྲོ་བྱུང་ཡི་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment