གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གངས་གཟིག་བཟའ་ཚང་ཅིག་གི་ པར་བཏབ་ཡོདཔ།

༡/༤/༢༠༡༣   ༉ གླིང་བཞི་དང་ ལ་ཡ་བར་ནའི་ས་གནས་ ཚྭ་རི་རྒྱ་ཐང་ནང་ གཡག་འཚོ་སྡོད་མི་ དབང་ཕྱུག་གིས་ གསང་བའི་འཕྲུལ་ཆས་ཅིག་ བཙུགས་བཞག་མིའི་ནང་ གངས་གཟིག་༣ ཚུད་ཡོད་མི་ལུ་བལྟ་བ་ཅིན་ ས་གནས་ནང་ གངས་གཟིག་ཚུ་ ཕྱུག་གུ་འཚའ་སྟེ་ སྡོད་དོ་ཡོད་པའི་ བརྡ་མཚོན་བཏོནམ་ཨིན་པས།
པར་ཆས་ནང་ཚུད་མི་ གངས་གཟིག་བཟའ་ཚང་ཚུ།


གངས་གཟིག་ཚུ་གིས་ ཁོ་གི་གཡག་ཅིག་ བསད་པའི་ཤུལ་ལུ་ དབང་ཕྱུག་གིས་ དུས་ཅི་སྤྱི་ཟླ་༢ པའི་ནང་ པར་བཏབ་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡོདཔ་ད་ བཟའ་ཚང་ཅིག་འོང་ནི་ཨིན་པའི་ གངས་གཟིག་ཚུ་གིས་ ཁོ་གི་གཡག་དེ་གི་ ཤ་བཟའ་སྡོད་པའི་པར་ བརྒྱ་ལྷགཔ་ཅིག་ བཏབ་ཡོདཔ་ཨིན་པས།
གླིང་ཁའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ པར་ནང་བལྟ་བ་ཅིན་ གངས་གཟིག་ཅིག་ ཨའི་ཨིནམ་འོང་ནི་དང་ གཞན་མི་༢ ཕོཝ་རྒྱགས་མི་ ཕྱུག་གུ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༤ འབད་མི་དབང་ཕྱུག་དེ་ འདས་པའི་གནམ་བྱཱར་གྱི་སྐབས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་གླིང་ཁ་དང་ ནགས་ཚལ་ལས་ཁུངས་འོག་གི་ རང་བཞིན་གནས་སྟངས་བསྐྱར་བཟོ་དང་སྐྱེ་ལྡན་ལྟ་བཤལ་ཚུ་གིས་ གསང་བའི་པར་ཆས་ གཞི་བཙུགས་འབད་ནིའི་ནང་ སྦྱོང་བརྡར་བྱིན་ཡོདཔ་ད་ དེ་གི་དོན་ལུ་ ཟད་འགྲོ་ཚུ་ འབྲུག་གཞི་ཚོགས་དང་ ཡུ་ནའི་ཊེཊི་ ཨིསི་ཊེཊསི་ལུ་ཡོད་པའི་ གངས་གཟིག་ཉམས་སྲུང་གིས་ བཏང་ཡོདཔ་ཨིན་པས།
གསང་བའི་པར་བཏབ་འཕྲུལ་ཆས་ཚུ་ འབྲུག་གཞི་ཚོགས་ཀྱིས་ བྱིན་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་མི་སྡེ་ཚུ་གིས་ཡང་ རི་དྭགས་སྲུང་སྐྱོབ་འབད་ནིའི་ནང་ འབྲེལ་གཏོགས་འབད་བཅུག་ནིའི་དོན་ལུ་ཨིན་པས།
གླིང་ཁའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམའབད་བ་ཅིན་ པར་བཏབ་འཕྲུལ་ཆས་དེ་ དབང་ཕྱུག་གི་ཨིནམ་བཞིན་དུ་ པར་ཚུ་ཡང་ དབང་ཕྱུག་ཁོ་རའི་ ཨིན་ཟེར་ཨིནམ་ད་ ད་རེས་ ཁོ་གིས་ པར་བཏབ་མི་ལུ་བལྟ་བ་ཅིན་ ས་གནས་ཀྱི་མི་སེར་ཚུ་གིས་ཡང་ དེ་བཟུམ་མའི་ ལཱ་འབད་ནིའི་ནང་ ལྕོགས་གྲུབ་ཡོད་པའི་ བརྡ་མཚོན་བཏོནམ་ཨིན་ཟེར་ཨིན་པས།
དབང་ཕྱུག་དེ་ སྐྱེལ་ལོ་༧ སྦེ་ སྡོད་པའི་སྐབས་ རི་དྭགས་ཉམས་སྲུང་པ་ཅིག་དང་ཕྱད་ཡོདཔ་ད་ དེ་གི་ཤུལ་ལས་ ཚྭ་རི་རྒྱ་ཐང་ལུ་འོང་མི་ ཉམས་སྲུང་པ་ག་ར་དང་ ཁོ་གིས་ ཕྱདཔ་ཕྱད་སར་ སྡོད་ཡོདཔ་ཨིན་པས།
འབྲུག་གཞི་ཚོགས་ཀྱི་ ཉམས་སྲུང་མདོ་ཆེན་ ཚེ་དབང་དབང་ཕྱུག་གིས་འབད་བ་ཅིན་ ཚྭ་རི་རྒྱ་ཐང་ལུ་ གཡག་འཚོ་སྟེ་སྡོད་མི་ བཟའ་ཚང་༡༥ དེ་ཅིག་ཡོདཔ་ད་ ཁོང་ལུ་ ས་གནས་ཀྱི་ རང་བཞིན་གནས་སྟངས་ཚུ་གི་སྐོར་ལས་ ཉམས་མྱོང་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་སྦེ་ དབང་ཕྱུག་གི་ བཟའ་ཚང་ཚུ་གིས་ ཁོང་རའི་གཡག་ཚུ་ གངས་གཟིག་ཚུ་གིས་ བསད་དེ་འབད་རུང་ གངས་ཟིག་ཚུ་ལུ་ གུས་ཞབས་བསྐྱེད་དེ་ སྡོདཔ་ཨིན་ཟེར་ཨིན་པས།
གངས་གཟིག་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་པ་བཀལ་དོ་ཡོད་མི་དང་འཁྲིལ་ མི་ཚུ་གི་ མནོ་ལུགས་ཚུ་ བསྒྱུར་བཅོས་མ་འགྱོཝ་ལས་ རྒུད་འཐུས་ཀྱི་ལམ་ལུགས་ཚུ་ འགོ་བཙུགས་དགོཔ་ཁག་ཆེ་ཟེར་ ཉམས་སྲུང་པ་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment