གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༦/༤/༢༠༡༣   ཚོགས་རྒྱན་བཙུགས་མི་ མངམ་དགོ་པའི་ སེམས་བསྐུལ་འབད་མི་དང་རྒྱབ་འགལ།
༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཁྱད་ཚད་ལྡན་མི་༣༧༩,༨༡༩ ཡོད་རུང་ ཚོགས་རྒྱན་སྐྱུར་མི་༡༧༡,༥༤༤ མ་གཏོགས་མ་འོངམ་ལས་ སྤྱི་ལོ་༢༠༠༨ ལུ་ ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༥༣ དེ་ཅིག་གིས་ བཅའ་མར་གཏོགས་མི་དང་ཕྱདཔ་ད་ ད་རིས་ བརྒྱ་ཆ་༤༦.༡༦ ལུ་ མར་བབས་སོང་ནུག།



མི་ངོ་༡༧༡,༥༤༤ གིས་ ཚོགས་རྒྱན་བཙུགས་མིའི་གྲས་ལས་༢༣,༩༦༧ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ ཚོགས་རྒྱན་སྐྱུར་མི་ཚུ་གི་ གྱངས་ཁ་ལུ་ལྟཝ་ད་ ང་བཅས་ཀྱིས་ ཕྱོགས་གཅིག་ལས་ བཙག་འཐུའི་བྱ་རིམ་ནང་ ཚོགས་རྒྱན་བཙུགས་མི་གང་མང་གིས་ འབྲེལ་གཏོགས་འབད་དགོ་པའི་ སེམས་ཤུགས་བསྐྱེད་མི་དང་ ཕྱོགས་གཅིག་ལས་ ཚོགས་རྒྱན་བཙུགས་མ་བཅུག་མི་དེ་ རྒྱབ་འགལ་འགྱོ་དོ་བཟུམ་མཐོང་སྣང་བྱུངམ་མས།
དེ་མ་ཚད་ སྤྱི་གཡོགཔ་དང་ ཞི་གཡོགཔ་ དྲག་ཁག་གསུམ་གྱི་ དམག་མི་དང་ འགོ་དཔོན་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ཡོད་རུང་ ལམ་སྟོན་དང་འཁྲིལ་ འབྲི་ཤོག་མ་བཀང་མི་དང་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་པའི་ རྟགས་ཚུལ་མཐུན་སྦེ་ མ་བཀོད་མི་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་༣,༩༧༤ ཆ་མེད་བཏང་ཡོདཔ་མ་ཚད་ མི་གྲངས་༥,༣༨༠ གིས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་སྦེ་ ཐོ་བཀོད་མ་འབད་བར་ ཞུ་ཡིག་བཙུགས་མི་ཚུ་ ངོས་ལེན་མ་འབད་བས།
འདི་བཟུམ་མའི་ ལག་ལེན་ཚུ་ ཕྱི་འགྱུར་འགྱོ་བའི་ མངོན་གསལ་བྱུང་མི་དེ་ཡང་ བཙག་འཐུའི་སྐབས་ ཚོགས་རྒྱན་སྐྱུར་མི་ ག་དེ་མང་མང་གིས་ འབྲེལ་གཏོགས་འབད་དེ་ བཙག་འཐུའི་བྱ་རིམ་ མཐར་འཁྱོལ་ཅན་འབྱུང་ནི་དང་ སྤྱི་ཚོགས་ནང་ མི་སེར་གྱི་ འཐུས་མི་སྦེ་ བཙག་འཐུ་འགྲུབ་ནིའི་ནང་ འབྲེལ་གཏོགས་འབད་དགོཔ་ ག་ནི་བ་ གལ་ཆེ་བའི་སྐོར་ འགན་འཁྲི་བཀལ་དགོཔ་ཨིན་རུང་ གཅིག་ལས་འབདན་ སེམས་ཁར་ཚ་གྱང་ཐེབས་འབག་སྟེ་ ཚོགས་རྒྱན་ས་ཁོངས་ནང་ ལཱ་ཁག་སྦེ་ འོང་པའི་མཐའ་མར་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་དང་ མི་ཁུངས་ལག་ཁྱེར་མེད་མི་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་བྱིན་པས།
བྱུང་རྐྱེན་འདི་ ད་རིས་བཙག་འཐུའི་སྐབས་རྐྱངམ་གཅིག་མིན་པར་ སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཆ་རའི་ བཙག་འཐུ་སྐབས་ལུ་ཡང་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་ རང་ལུགས་ཀྱི་ གྱོན་ཆས་ཚུལ་མཐུན་གྱོན་ཏེ་ མ་འོང་མི་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ལས་ ལོག་བཏང་ཡོདཔ་མ་ཚད་ ལ་ལུ་ཅིག་ ད་རིས་བཟུམ་སྦེ་ ཚོགས་རྒྱན་བཙུགས་ནིའི་ ངོས་འཛིན་འདྲ་པར་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་ མིང་གསལ་མེད་མི་ཚུ་ལུ་ ངོས་ལེན་འབད་མ་བཏུབ་པས།
གནད་དོན་ལ་ལུ་ཅིག་ནང་ ཚོགས་རྒྱན་བཙུགས་མི་ཚུ་ ཚོགས་རྒྱན་ས་ཁོངས་འཛོལ་ཏེ་ འོང་མི་ཚུ་ལུ་ ངོས་ལེན་མ་འབད་བར་ ལོག་བཏང་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ མི་སེར་མང་ཤོས་ར་ མཐའ་ཟུར་གྱི་ གྲོང་གསེབ་ཚུ་ནང་ སྡོད་མི་ཨིནམ་ལས་ བཙག་འཐུའི་ནང་ ག་ཅི་ར་ འབག་དགོཔ་ཨིན་ན་དང་ ས་གོ་ག་ཏེ་ལུ་ འགྱོ་དགོཔ་ཨིན་ན་ ཤེས་རྟོགས་མེད་པའི་ གནད་ལུ་བརྟེན་ འཛོལ་བ་བཟོཝ་ཨིན་མས།
མི་གནགཔ་ཚུ་གིས་མ་ཚད་པར་ ཐ་ན་ ཤེས་ཡོན་ཅན་ཚུ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཚུལ་ལྡན་སྦེ་ བཙུགས་མ་ཤེས་མི་ལུ་བརྟེན་ སྤྱི་ལོ་༢༠༠༨ ལུ་ འགྲེམ་ཐོག་ཚོགས་རྒྱན་མང་རབས་ཅིག་ ཆུད་ཟོས་སོང་ཡོདཔ་མ་ཚད་ ད་རིས་ཀྱི་ བཙག་འཐུ་སྐབས་ལུ་ཡང་ ལེ་ཤ་ཅིག་ ཆ་མེད་བཏང་དགོཔ་བྱུང་ནུག།
མ་གཞི་ བཙག་འཐུའི་སྐབས་ ཁྲིམས་ལུགས་དང་ བཅའ་ཡིག་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་ནི་དེ་ གལ་ཆེ་ནི་ཨིན་རུང་ འབྲུག་གི་དམངས་གཙོའི་ལམ་ལུགས་འགོ་བཙུགས་ཏེ་ ལོ་༥ ལངམ་ཅིག་ར་ཨིནམ་ལས་ ད་རིས་ཀྱི་ གནས་སྟངས་ནང་ མི་སེར་ཚུ་ལུ་ ཚོགས་རྒྱན་བཙུགས་ནིའི་ནང་ འབྲེལ་གཏོགས་འབད་དགོ་པའི་ སེམས་ཤུགས་བསྐྱེད་ནི་དང་ ཁོང་གི་ཚོགས་རྒྱན་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་དང་ གོ་བརྡ་ལེགས་ཤོམ་ཐོག་ལས་ གདམ་ཁ་རྐྱབ་ཐངས་ཚུ་ ཤེས་རྟོགས་ཡོདཔ་བཟོ་ནི་ལུ་ ཤུགས་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment