གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་ཡོད་རུང་ ལག་ལེན་འཐབ་མ་ཚུགས་པའི་བློ་ཕམ།

༢༦/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཙག་འཐུ་འབད་བའི་སྐབས་ རྩི་རང་རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ དག་པ་ཅིག་ར་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་པར་ དབུགས་འགམ་སྟེ་ ལོག་འགྱོ་དགོཔ་ཐོན་ཡི།
དེ་ཡང་ ལ་ལུ་ཅིག་ལུ་ ཚོགས་རྒྱན་འདྲ་པར་མ་ཐོབ་ད་ ལ་ལུ་ཅིག་ལུ་ ཚོགས་རྒྱན་འདྲ་པར་ཡོད་རུང་ ཁོང་གི་མིང་ཚུ་ བཙག་འཐུའི་ཐོ་ཡིག་ནང་ མེད་མི་ལུ་བརྟེན་ཏེ་ཨིན་པས།

ཚོགས་རྒྱན་འདྲ་པར་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་ མིང་གསལ་མེད་མི་ལུ་བརྟེན་
ཚོགས་རྒྱན་བཙུགས་མ་ཚུགས་པར་ སེམས་ཕམ་བྱུང་མི་ ན་གེན་ད་ར་ རའི།



བཙག་འཐུའི་ཐོ་ཡིག་ནང་ མིང་གསལ་མེད་མི་ལུ་བརྟེན་ ལོག་འགྱོ་དགོཔ་ཐོན་མི་ཚུ་གི་གྲས་ལས་ གཅིག་ པདྨ་གླིང་རྒེད་འོག་ ཐང་ཅན་ནང་ དམ་བཅའ་ཅན་སྤྱི་འོག་ ལ་མ་ཊར་གཡུས་ཚན་ལས་ སྐྱེས་ལོ་༣༤ འབད་མི་ ན་གེན་ད་ར་ རའི་ཨིནམ་ད་ ཁོ་གིས་ ཁོ་རའི་ཚོགས་རྒྱན་འདྲ་པར་ ལག་པར་བཤད་དེ་ ཁུངས་བཀལ་མིའི་ནང་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ར་ ཁོ་རའི་ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ཨིན་མི་ བི་རུ་གྲོང་གསེབ་ཡན་ལག་སྨན་ཁང་ནང་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
ས་གནས་ནང་ གནམ་བྱཱར་ ཉི་དྲོད་ཆེ་བའི་ནང་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ བསྒུགས་སྡོད་པའི་ཤུལ་ལུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་མ་ཐོབ་མི་ལུ་བརྟེན་ བློ་ཕམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་ཚུ་ ལེགས་ཤོམ་བཟོ་དགོཔ་དེ་ རྒེད་འོག་དང་ བཙག་འཐུ་འགོ་དཔོན་ཚུ་གི་ འགན་ཁུར་ཨིནམ་ད་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་སྐབས་ལུ་ཡང་ གོ་སྐབས་འཐོབ་ཚུགས་དང་ མི་ཚུགས་ཀྱི་ ཚ་གྱང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༣ འབད་མི་ ཨམ་རི་ཏ་གུ་རུང་དེ་ ཧཱ་ལུ་སྡོད་མི་ཅིག་འབད་རུང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མོ་རའི་གཡུས་ཁར་ འོང་ཡོདཔ་ད་ ས་གནས་ནང་ལྷོདཔ་ད་ ཚོགས་རྒྱན་འདྲ་པར་གསརཔ་དེ་ མ་ཐོབ་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགས་ཟེར་ཨིན་པས།
ཟླ་ངོ་༦ དེ་ཅིག་ལང་མི་ མོ་རའི་ཨ་ལུ་དེ་ ཕང་མར་བཏབ་ཐོག་ལས་ བིར་རུ་གཡུས་ཚན་ལས་ཨིན་མི་ ཨམ་རི་ཏ་གིས་ བསམ་འཆར་བཀོད་མིའི་ནང་ ཟད་འགྲོ་སྦོམ་བཏང་སྟེ་ ཚོགས་རྒྱན་བཙུགས་པར་འོང་རུང་ གོ་སྐབས་མ་ཐོབ་ལས་ ལོག་ཧཱ་ལུ་འགྱོ་དགོཔ་ འཐོན་ནི་མས་ཟེར་ཨིནམ་ད་ མོ་གི་ཨ་པ་ སྐྱེས་ལོ་༤༩ འབད་མི་ ཨར་ཇུན་ ཀུ་མར་ གུ་རུང་གིས་ སླབ་མིའི་ནང་ ཁོ་གིས་ ཁོ་རའི་བུམོ་གི་ ཚོགས་རྒྱན་འདྲ་པར་གྱི་དོན་ལུ་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ མིང་ཐོ་སྤྲོད་ཡོདཔ་ལས་ དུས་ཚོད་ཁར་ འཐོབ་ཚུགསཔ་འོང་ཟེར་ མནོ་ཡི་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཚོགས་རྒྱན་གྱི་ཉིནམ་རན་ནི་ལུ་ ཉིནམ་ཅིག་གི་ཧེ་མར་ རྒེད་འོག་གི་འགོ་དཔོན་ཚུ་ལུ་ དྲི་བའི་སྐབས་ ཚོགས་རྒྱན་བཙུགས་པའི་དྲོ་པ་ འཐོབ་ཚུགས་ཟེར་ སླབ་ཅི་ཟེར་ཨིན་པས།
པད་དཀར་གླིང་ལས་ སྐྱེས་ལོ་༤༡ འབད་མི་ ཅུ་ར་མ་ནི་གིས་འབད་བ་ཅིན་ མ་གཞི་ ཁོ་གི་བུམོ་དེ་ དུས་ཅི་ སྐྱེས་ལོ་༡༨ ལང་མི་ལུ་བརྟེན་ ངོ་སྤྲོད་ལག་ཁྱེར་བཟོ་ནིའི་པར་ཚུ་ ཧེ་མ་ལས་ར་ བཏབ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཐོབ་མ་ཚུགས་མི་ལུ་བརྟེན་ ཚོགས་རྒྱན་འདྲ་པར་ ཐོབ་ཐབས་མེདཔ་ལས་ ཚོགས་རྒྱན་བཙུགས་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ བསྟན་འབྲུ་རྒེད་འོག་ལྟེ་བའི་ ཡིག་ཚང་ནང་སྦེ་ ཚོགས་རྒྱན་བཙུགས་མི་ཚུ་གི་གྲས་ལས་ མི་༧ ལྷགཔ་ཅིག་གི་ ཁོང་རའི་ མིང་གསལ་ཚུ་ ཚོགས་རྒྱན་གྱི་ཐོ་ཡིག་ནང་ མེད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཐང་ཅན་ནང་ དམ་བཅའ་ན་སྤྱི་འོག་གི་ཚོགས་པ་ མ་ཧིན་ད་ར་ གུ་རུང་གིས་འབད་བ་ཅིན་ ཚོགས་རྒྱན་འདྲ་པར་ མ་ཐོབ་མི་ཚུ་གི་ མིང་ཐོ་ཚུ་ ཁོ་གིས་བསྡུ་ལེན་འབད་དེ་ རྒེད་འོག་ནང་ བཙུགས་ཡོདཔ་ཨིན་རུང་ ངོས་འཛིན་འདྲ་པར་ཚུ་ ལ་ལུ་ཅིག་མ་གཏོགས་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ མི་ལ་ལུ་ཅིག་གིས་ ད་རེས་ཁམས་ མི་རྩིས་སྤོ་བཤུད་འབད་ཡོདཔ་ལས་ ཁོང་གི་མིང་གསལ་ཚུ་ བཙག་འཐུའི་ཐོ་ཡིག་ནང་ མ་ཚུད་པས་ཟེར་ཨིནམ་ད་ སྤྱི་འོག་དེ་ནང་ མི་རློབས་༣,༠༠༠ ལྷགཔ་ཅིག་ཡོད་ས་ལས་༢༠༠ དེ་ཅིག་གིས་ ཚོགས་རྒྱན་འདྲ་པར་ ཐོབ་མ་ཚུགས་ཟེར་ཨིན་པས།
དེ་ལུ་ ལྟ་རྟོགས་པ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་དཀའ་ངལ་ཚུ་ ཅོག་འཐདཔ་སྦེ་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ལུ་ཡང་ ཐོན་ཡོདཔ་ཨིན་རུང་ གནད་དོན་དེ་ཚུ་ལུ་ གཙོ་བོར་བཏོན་ཏེ་ བསལ་ཐབས་འབད་མི་ མེདཔ་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།


No comments:

Post a Comment