གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་འགྱོ་ནི།

༢༠/༤/༢༠༡༣   ༉ རྒྱལ་ཁབ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༢ པ་ འགོ་འདྲེན་འཐབ་ནི་དེ་ ད་རིས་ལས་རྩིསཝ་ད་ ཉིནམ་༣ ལས་བརྒལ་མེདཔ་ཨིན་པས།
བཙག་འཐུ་དེ་ རང་མོས་རྣམ་དག་གི་ཐོག་ལས་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཁ་ཙ་ དབང་འདུས་ཕོ་བྲང་ བ་འཇོ་འབྲིང་རིམ་སློབ་གྲྭ་བར་མ་ནང་སྦེ་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ བཙག་འཐུ་གི་ བྱ་སྒོའི་ལམ་ལུགས་སྐོར་ལས་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།


བཙག་འཐུ་གི་ ཁ་གསོའི་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ ཚོགས་རྒྱན་འགོ་དཔོན་ཚུ།

རྫོང་ཁག་ནང་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤༧ ཡོད་མི་ཚུ་གི་དོན་ལུ་ ཚོགས་རྒྱན་འགོ་དཔོན་༢༨༢ བགོ་བཀྲམ་འབད་ནི་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ རང་སོའི་ས་ཁོངས་ནང་ བཙག་འཐུ་དེ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ འབད་ཆོག་དང་མ་ཆོགཔ་ དེ་ལས་ བཙག་འཐུ་འགོ་འདྲེན་འཐབ་ཐངས་ཚུ་ འགྲེམ་སྟོན་ཐོག་ལས་ སྦྱོང་བརྡར་འབད་ཡི།
ཉིནམ་༡ འབད་མི་ སྦྱོང་བརྡར་ལས་རིམ་གྱི་སྐབས་ རྫོང་ཁག་བཙག་འཐུ་འགོ་དཔོན་གཙོ་འཛིན་ རྫོང་བདག་ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དེ་ མཐར་འཁྱོལ་ཅན་སྦེ་ བཟོ་དགོ་པ་ཅིན་ ཚོགས་རྒྱན་འགོ་དཔོན་ཚུ་ལུ་ཡང་ རག་ལསཔ་ཨིན་ཟེར་ཨིན་པས།
དེ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ལམ་ཁར་ཕྱད་མི་ཚུ་ ག་ར་ཨིན་རུང་ གསང་བའི་ཚོགས་རྒྱན་བཙུགས་དགོ་པའི་སྐོར་ལས་ གོ་བ་བཤད་བྱིན་པ་ཅིན་ མང་ཤོས་ཅིག་གིས་ གསང་བའི་ཚོགས་རྒྱན་གྱི་སྐོར་ལས་ ཧ་གོ་ནི་ལུ་ ཕན་ཐོགས་འོང་ནི་ཨིནམ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ རང་སོའི་ས་ཁོངས་ནང་འགྱོ་བའི་སྐབས་ མི་ཚུ་ལུ་ གོ་བ་བརྡ་སྤྲོད་ལེགས་ཤོམ་སྦེ་ འབད་དགོ་ཟེར་ཨིན་པས།
དེ་ཡང་ ཚོགས་རྒྱན་འགོ་དཔོན་ཚུ་ དཔྱེ་བལྟ་སའི་ ཡུལ་བཟུམ་ཅིག་ཡང་ཨིནམ་ལས་ མི་ཚུ་གི་གདོང་ཁར་ དཔེ་ལེགས་ཤོམ་སྟོན་པ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་ལུ་བལྟ་སྟེ་ ལཱ་འབད་བའི་སྐབས་ དམངས་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་ཚུ་ འགྲུབ་ཚུགས་ཟེར་བའི་ གོ་སྐབས་ཡོདཔ་ད་ དེ་འགྲུབ་ནིའི་འགན་ཁག་དེ་ འབྲུག་མི་ག་ར་ལུ་ ཕོག་ཟེར་ཨིན་པས།
དབང་འདུས་རྫོང་ཁག་ནང་ ཁྱད་ལྡན་གྱི་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཆོག་མི་༡༧,༦༧༣ ཡོད་མི་ཚུ་གི་དོན་ལུ་ འདེམས་ཁོངས་༢ ལུ་ ཁག་དབྱེ་སྟེ་ཡོདཔ་བཞིན་དུ་ ཨ་ཐང་དང་ ཐད་ཚོ་རྒེད་འོག་གི་དོན་ལུ་ རྒེད་འོག་༨ ཡོད་སར་ གསང་བའི་ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡ ཡོདཔ་ད་ ཉི་ཤོ་དང་སྲས་ཕུག་འདེམས་ཁོངས་ནང་ རྒེད་འོག་༧ གྱི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་༢༦ ཡོདཔ་ཨིནམ་ བཞིན་དུ་འདེམས་ཁོངས་༢ ལུ་དབྱེ་མི་དེ་ བཙག་འཐུའི་ཉིནམ་ལུ་ ལྟ་རྟོག་ལེགས་ཤོམ་སྦེ་ འབད་ཚུགས་ནིའི་དོན་ལུ་ཨིན་པས།
གསང་བའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་ ཨམ་སྲུ་༩,༥༢༤ དང་ ཕོ་སྐྱེས་༨,༡༤༩ ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ལས་བཅད་པ་ཅིན་ རྫོང་ཁག་གི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༡,༤༡༣ བཏང་མི་ལས་༡,༡༡༤ ངོས་ལེན་འབད་ཡོདཔ་ལས་ ལྷག་ལུས་ ཆ་མེད་བཏང་ཡོདཔ་ ངོས་ལེན་འགོ་དཔོན་ ཀུན་ལེགས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱན་ཤོག་ནང་ བརྡ་དོན་ཚུ་ཚངམ་སྦེ་མེད་མི་ཚུ་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
ད་རིས་ལས་ ཚོགས་རྒྱན་འགོ་དཔོན་དང་ ཁོང་གི་སྡེ་ཚན་ཚུ་ རང་སོའི་ས་ཁོངས་ནང་འགྱོ་ནི་འགོ་བཙུགས་ཡོདཔ་ད་ ཁོང་ཆ་ཁྱབ་ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་མེན་པར་ རྫོང་ཁག་བདག་སྐྱོང་གིས་ སྣུམ་འཁོར་༡༨ གྲ་སྒྲིག་འབད་མི་ཚུ་གིས་ སྐྱེལ་འདྲེན་འབད་ནི་ཨིན་པས།
ཨིན་རུང་ ས་ཁོངས་༤ དེ་ཅིག་ནང་ སྣུམ་འཁོར་གྱིས་ ལང་མི་ཚུགས་ནི་ཨིནམ་ལས་ དེ་ཁར་ སྒེར་གྱི་སྣུམ་འཁོར་ཚུ་ ལག་ལེན་འཐབ་བཅུག་འོང་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ སྒེར་གྱི་སྣུམ་འཁོར་ཚུ་ ལག་ལེན་འཐབ་མ་བཅུག་མི་དེ་ མར་ཁུའི་འཐུས་ མར་ཕབ་འབད་ནི་ལུ་དམིགས་ཏེ་ཨིནམ་ད་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ མར་ཁུའི་ཟད་འགྲོ་ སྦོམ་སྦེ་ར་ གནས་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་རྒྱན་འགོ་དཔོན་༢༨༢ ལུ་ ཉིན་འཐུས་དང་འགྲུལ་འཐུས་རྐྱངམ་གཅིག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ ལྷགཔ་ཅིག་གནས་ཡི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ ཨྱོན་ཆོས་སྒྲོན་གྱིས་ སླབ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment