གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་༢ མཐོང་ཡོདཔ།

༢༦/༤/༢༠༡༣   ༉ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་འོག་གི་ རང་བཞིན་སྐྱེ་ལྡན་ལྟ་བཤལ་དང་ བླམ་དཔལ་རི་རྒྱལ་གཞུང་སྐྱེ་ལྡན་གླིང་ཁའི་ འགོ་དཔོན་ཚུ་གིས་ ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་༢ མཐོང་ཡོདཔ་ཨིན་པས།


བླམ་དཔལ་རི་ རྒྱལ་གཞུང་སྐྱེ་ལྡན་གླིང་ཁ་ནང་ ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་༢༩ ཡོདཔ་བཞིན་དུ་ རིགས་གསརཔ་༢ རྩིསཝ་ད་ བསྡོམས་༣༡ འོང་ནི་ཨིན་པས།
འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་ ཡོངས་བསྡོམས་༤༦ ཡོདཔ་ད་ རིགས་གསརཔ་༢ རྩིས་ཏེ་ བསྡོམས་༤༨ འོང་ནི་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་ བརྡ་དོན་དང་བརྒྱུད་འབྲེལ་འགོ་དཔོན་ ཨོ་རྒྱན་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ཨེ་ཏོག་མེ་ཏོག་གི་ རིགས་གསརཔ་༢ པོ་དེ་ རྡོ་སྐྱོང་ལའི་ ས་ཁོངས་ནང་ལས་ མཐོང་ཡོདཔ་ད་ དེ་ཡང་ གླིང་ཁའི་འགོ་དཔོན་ཚུ་གིས་ ཨེ་ཏོག་མེ་ཏོག་ དུས་སྟོན་གྱི་དོན་ལུ་ ས་གནས་ནང་ ཨེ་ཏོག་མེ་ཏོག་འཚོལ་བར་འགྱོཝ་ད་ མཐོང་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁ་ནང་ འབྲོང་འགྱིམ་རྩིའི་དུས་སྟོན་དང་ ཁྲུམ་ཤིང་ལ་རྒྱལ་ཡོངས་གླིང་ཁ་ནང་ ཤ་མུ་གི་ དུས་སྟོན་བརྩི་སྲུང་འབད་དོ་བཟུམ་སྦེ་ དུས་ཅི་ལས་ བླམ་དཔལ་རི་ རྒྱལ་གཞུང་སྐྱེ་ལྡན་གླིང་ཁ་ནང་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལས་༡༣ ཚུན་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བརྩི་སྲུང་འབད་ནི་ཨིན་པས།
ཨེ་ཏོག་མེ་ཏོག་འཚོལ་ཞིབ་འབད་མིའི་འཐུས་མི་ སྐལ་བཟང་ཟླ་བ་གིས་ ལས་ཁུངས་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་ལེ་ཤ་ཅིག་ཡོད་རུང་ ཚོས་གཞི་དེ་ དམརཔོ་དང་ དཀརཔོ་ དེ་ལས་ ཤ་ཁ་ཚུ་ཡོདཔ་ཨིན་རུང་ རིགས་གསརཔ་ཨིན་ཟེར་ སླབ་མིའི་ ཚོས་གཞི་དེ་ ཧོནམོ་སྦེ་འདུག་ཟེར་ཨིན་པས།
ཁོ་གི་ སྙན་ཞུ་དང་འཁྲིལཝ་ད་ ཨེ་ཏོག་མེ་ཏོག་རིགས་གསརཔ་ཚུ་ ཧེ་མ་ལས་ཡོད་མི་ ཨེ་ཏོག་མེ་ཏོག་གི་ རིགས་༢ སླ་བསྲེས་མི་ལས་ བྱུང་བྱུངམ་བཟུམ་ཅིག་སྦེ་ འདུག་ཟེར་ཨིན་པས།
ཨོ་རྒྱན་ཚེ་རིང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་ རིགས་གསརཔ་འཚོལ་ཐོབ་ད་ ངལ་རངས་དགོཔ་ཅིག་ ཨིན་མི་དེ་ཡང་ རང་གི་རྒྱལ་ཁབ་ནང་ སྐྱེ་ལྡན་གནས་སྟངས་ཚུ་ ག་དེ་དྲག་དྲག་བདག་འཛིན་འཐབ་པའི་ རྟགས་མཚན་བཟུམ་ཅིག་ ཨིན་མས་ཟེར་ཨིན་པས།
ཨིན་རུང་ ལས་ཁུངས་ཀྱི་ཁ་ཐུག་ལས་ ད་ལྟོ་ ཨེ་ཏོག་མེ་ཏོག་གི་ རིགས་གསརཔ་༢ པོ་དེ་ ངོས་འཛིན་གཏན་འཁེལ་མ་འབད་བའི་ཁར་ མིང་བཏགས་ནི་གི་ གྲོས་འཆར་བཀོད་མི་དེ་ཡང་ གཏན་འཁེལ་མ་བཟོ་ཟེར་ ཨྱོན་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment