གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་བཙག་འཐུ་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཕྱེད་ཀ་ལས་མེདཔ།

༢༧/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༠ ལས་ མ་ཐོནམ་ཨིན་པས།
ཚོགས་རྒྱན་བཙུགས་མི་ཚུ་གི་ གྱངས་ཁ་ལུ་བལྟ་བ་ཅིན་ རྫོང་ཁག་ཚུ་ནང་ ཚོགས་རྒྱན་བཙུགས་མི་ ཉུང་ཤོས་ར་༡,༣༠༠ དང་ མཐོ་ཤོས་དེ་༡༣,༨༠༠ ཨིན་པས།



དེ་ཡང་ མགར་ས་རྫོང་ཁག་ནང་འབད་བ་ཅིན་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡,༨༤༠ ཡོད་ས་ལས་༡,༢༨༣ གྱིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འོང་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ མི་ངོ་༦༩ གིས་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོདཔ་བཞིན་དུ་ བརྒྱ་ཆ་ལས་དཔྱད་པ་ཅིན་༧༣ འབད་མི་དེ་མཐོ་ཤོས་ཨིན་པས།
བཙག་འཐུའི་གནས་ཐོ་དང་འཁྲིལཝ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ལས་མེད་པའི་ རྒེད་འོག་ཚུ་ནང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ མཐོ་སུ་སྦེ་ཐོན་ཡོདཔ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཡོད་པའི་ས་ཁོངས་ཚུ་ནང་ ཉུང་སུ་ཅིག་གིས་མ་གཏོགས་ འབྲེལ་གཏོགས་མ་འབདཝ་ཨིན་པས།
མགར་སའི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མགར་ས་དེ་ རྫོང་ཁག་ཆུང་ཀུ་ཅིག་འབད་ནི་དེ་གིས་ ཁོང་ཆ་ཁྱབ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ སྡོད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ བརྒྱ་ཆ་ལས་ མཐོ་ཤོས་ཐོན་དགོ་པའི་ གནད་དོན་གཞན་མི་དེ་ ད་ལྟོ་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་ དུས་ཚོད་མ་རནམ་ལས་ ལ་ཡ་དང་ ལུང་ནག་ནང་གི་ མི་སེར་ཚུ་གིས་ཡང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ ཨིན་མས་ཟེར་བཤད་ཅི།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ལུང་ནག་ནང་ལུ་ ཚོགས་རྒྱན་འཕྲུལ་ཆས་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ བསྐྱལ་ཚུགས་མི་དེ་གིས་ ལྷན་ཐབས་སྦོམ་བྱུང་ཡི་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༡,༢༢༢ ཡོད་ས་ལས་ མི་སེར་༢༧,༠༠༠ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ལས་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༣༣.༥ འབད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ཉུང་ཤོས་ཅིག་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་ཕུད་རྡོག་༡ ལས་མེདཔ་ལས་ མི་སེར་མང་ཤོས་ཅིག་གིས་ ས་ཐག་རིང་ས་ལས་ ཟད་འགྲོ་བཏང་སྟེ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་དེ་ ཁག་ཆེཝ་ཅིག་སྦེ་ མ་མཐོང་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་སྦེ་ ཚོརཝ་ཨིན་པས།
བསོད་ནམས་ཀུན་དགའ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ སླབ་མིའི་ནང་ མི་སེར་ལ་ལུ་ཅིག་གིས་ བསོད་ནམས་ཀུན་དགའ་གིས་ ངེས་པར་དུ་ རྒྱལ་ཁ་འཐོབ་ནི་ཨིནམ་ ཤེས་མི་ལུ་བརྟེན་ཏེ་ ཚོགས་རྒྱན་བཙུགས་པར་ མ་འོང་མི་ཡང་ འདུག་ཟེརཨིན་པས།
བརྡ་བརྒྱུད་ཚུ་གིས་ སྙན་ཞུ་འབད་དོ་བཟུམ་འབད་བ་ཅིན་ བཀྲིས་སྒང་རྫོང་ཁག་ནང་ འཚོ་བ་སྒོ་ནོར་སེམས་ཅན་ཚུ་ལུ་ བསྟེན་སྡོད་མི་ ལེ་ཤ་ཅིག་ར་ ད་རེས་ནངས་པ་ བསམ་གྲུབ་ལྗོངས་མཁར་ ཤིང་མཁར་ལུ་ སོང་ཡོདཔ་ལས་ ཚོགས་རྒྱན་བཙུགས་པར་ མ་ལྷོད་པས་ཟེར་བཀོད་ནུག།
ཚོགས་རྒྱན་གྱི་ཉིན་མར་ མི་ལ་ལུ་ཅིག་གིས་ འདེམས་ངོ་ཚུ་ ཁོང་རའི་ཉེ་ཚན་དང་ ལ་ལུ་ཅིག་གིས་ ངོ་ཤེས་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་རུང་ འདེམས་ངོ་ག་ཨིན་ན་ཡང་ མ་ཤེས་པར་ ཚོགས་རྒྱན་བཙུགས་པར་འོང་མི་ཡང་ ཐོན་ཡོདཔ་ཨིན་པས།
རྫོང་ཁག་ཚུ་གི་གྲས་ལས་ ཚོགས་རྒྱན་བཙུགས་པར་འོང་མིའི་ གྱངས་ཁ་མཐོ་ཤོས་༢ པ་དེ་ སྤ་རོ་ལུ་ཨིནམ་ད་ དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༦༣ ཐོན་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་དེ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་འབད་ནི་དེ་གིས་ རྫོང་ཁག་དེ་༢ ནང་ལས་ཡང་ ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་ར་ འོང་ཡོདཔ་ཨིན་པས།
སྤ་རོཔ་ལ་ལུ་ཅིག་གིས་ སླབ་མིའི་ནང་ ཁོང་གི་འདེམས་ངོ་ཚུ་ དོ་འགྲན་ཅན་ཡོད་ནི་དེ་གིས་ འདེམས་ངོ་ཁོང་རའི་ མི་ཚན་ལེ་ཤ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ནུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment