གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ནེམོ་༤ ག་ཏེ་འགྱོ་ནི་ཨིན་ན་མ་ཤེས་པར་ མགུ་འཐོམ་སྟེ་ལུས་ཡོདཔ།

༣༠/༤/༢༠༡༣   ༉ ཨ་ནེམོ་༤ གིས་ རྒྱ་གར་དང་ ནེ་པཱལ་ལུ་ གནས་སྐོར་སོང་སྟེ་ ལོག་རྒྱལ་ཁབ་ནང་ ལྷོད་པའི་ཤུལ་ལས་ གྲྭ་ཚང་ནང་ འགྱོ་མ་བཏུབ་པའི་གནད་དོན་དེ་ཡང་ གྲྭ་ཚང་དེ་ གཏན་ཏན་ཅིག་མེད་པའི་ཁར་ དཔེ་ཆ་སྟོན་ནི་མེད་མི་ལུ་བརྟེན་ ད་རེས་ནངས་པ་ ཐིམ་ཕུ་ལུ་ མགུ་འཐོམ་སྟེ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༡༢ ལུ་ མཁན་པོ་ཟེར་སླབ་མི་ སངས་རྒྱས་དབང་འདུས་དང་ ཨ་ནེམོ་སངས་རྒྱས་དབང་མོ་གིས་ སློབ་གྲྭའི་བར་མཚམས་ངལ་གསོ་སྐབས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་རྒེད་འོག་ གཙང་ཆུ་མཐའ་མ་གཡུས་ཚན་ལས་ སོ་ནམ་པ་བུམོ་༢ དང་ སློབ་ཕྲུག་བུམོ་༥ ཨ་ནེམོ་གི་གྲྭ་ཚང་ནང་ བཙུགས་ནིའི་དོན་ལས་ བུམ་ཐང་ལུ་ ཁྱིད་ཡོདཔ་ཨིན་པས།
སློབ་ཕྲུག་བུམོ་ཚུ་ སློབ་གྲྭ་ནང་ལས་ཐོན་ཏེ་ ཨ་ནེམོ་གི་གྲྭ་ཚང་ནང་ འཛུལ་དགོ་མི་དེ་ཡང་ ཕམ་ཚུ་ ཉམ་ཆུང་འབད་ནི་དེ་གིས་ སློབ་གྲྭའི་ཟད་འགྲོ་གཏང་མ་ཚུགས་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ཨིན་པས།
ད་རེས་ ཐིམ་ཕུ་ལྷོད་དེ་ཡོད་མི་ སྐྱེས་ལོ་༡༤ དང་༡༧ ལང་མི་ ཨ་ནེམོ་༢ ཀྱིས་ སླབ་མི་དང་འཁྲིལཝ་ད་ ན་ཧིང་ ཁོང་གི་གཡུས་ཚན་ནང་ ཟླཝ་ལས་བཅད་དེ་ སྨན་བཅོས་རིམ་གྲོ་འབད་སྡོད་མི་ མཁན་པོ་དང་ ཨ་ནེམོ་༢ ཀྱིས་ ཕམ་དང་སྤུན་ཆ་ཚུ་ལུ་ བུམོ་ཚུ་ ཨ་ནེམོ་གྲྭ་ཚང་ནང་ བཙུགས་ནི་ཨིན་པ་ཅིན་ ཁོ་གིས་ ཆ་རོགས་འབད་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ སློབ་ཕྲུག་བུམོ་༥ དེ་ཅིག་གིས་ སློབ་གྲྭ་ནང་ལས་ ཐོན་འོང་ཡི་ཟེར་ཨིན་པས།
ཁོང་དང་གཅིག་ཁར་ མ་ཎི་དང་ བཛྲ་གུ་རུ་བགྱང་སྡོད་ནི་ཨིན་ཟེར་ གཡུས་ཚན་ནང་ལས་ ཨ་རྒས་དང་ཨང་རྒས་ཚུ་ བུམ་ཐང་ཚུན་ ཁྱིད་འོང་མི་ཚུ་ཡང་ ལ་ལུ་ཅིག་ བདུན་ཕྲག་ལྷགཔ་ཅིག་སྡོད་པའི་ཤུལ་ལས་ ལོག་གཡུས་ཁར་ འགྱོ་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་ཡང་ བུམ་ཐང་ཆུ་སྨད་ མདོ་སྔགས་ཆོས་གླིང་ཨ་ནེམོ་གྲྭ་ཚང་ཨིན་ཟེར་ སླབ་མ་གཏོགས་ སྦ་སྒོར་ཅིག་ལས་ གཞན་མེད་པའི་ཁར་ ས་གནས་དེ་ནང་ ལྷོད་པའི་ཤུལ་ལས་ གློག་ཐག་དང་ ཀཝ་ དེ་ལས་ རྡོ་ཚུ་བསྐྱལ་བཅུག་སྟེ་ དཔེ་ཆ་བལྟ་ནིའི་དུས་ཚོད་ ཐོབ་མ་ཚུགས་ཟེར་ སྐྱེས་ལོ་༡༤ ལང་མི་ བདེ་ཆེན་མཚོ་མོ་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༡༧ ལང་མི་ སངས་རྒྱས་ལྷ་མོ་གིས་འབད་བ་ཅིན་ མོ་ར་ པདྨ་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༧ པའི་ སློབ་ཕྲུག་སྦེ་སྡོད་པའི་སྐབས་ ཁོང་ཆ་རོགས་ཚུ་ ཨ་ནེམོ་ནང་ འཛུལ་ནི་ཟེར་འགྱོཝ་ད་ མོ་ར་ སེམས་དགའ་སྟེ་ མཁན་པོ་སངས་རྒྱས་དབང་འདུས་དང་ ཨ་ནེམོ་སངས་རྒྱས་དབང་མོ་ལུ་ དགའ་ཚོར་སྦོམ་བསྐྱེད་ཡི་ཟེར་ཨིན་པས།
བུམ་ཐང་གདོང་ལྔ་ཆོས་གླིང་ནང་ལྷོད་དེ་ ཟླཝ་༥ ལྷག་སོང་རུང་ དཔེ་ཆ་དེ་ཨིན་ཟེརཝ་ སྟོན་མ་བྱིནམ་མ་ཚད་ རྡོ་རྗེ་གདན་དང་ ནེ་པཱལ་ལས་ཕར་ སོང་སྟེ་ སྨོན་ལམ་དང་ཁ་ཐུན་བཏང་ནིའི་གོ་སྐབས་ཐོབ་ཨིན་རུང་ ཞལ་འདེབས་ཚུ་ཡང་ ལེན་ཏེ་ སྡོད་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པས།
མཁན་པོ་སངས་རྒྱས་དབང་འདུས་དེ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ལྷོད་པའི་ཤུལ་ལས་ འབྲུག་པའི་ས་ཁོངས་ནང་འོངམ་ད་ ཁོང་དང་གཅིག་ཁར་ འོང་མ་བཏུབ་ཟེར་ཨིནམ་ད་ ནམ་ར་འབད་རུང་ ཇའི་སྒང་ལུ་ལྷོདཔ་ད་ འགྲུལ་སྐྱེལ་བཱསི་ལས་ ཐོན་སྡོདཔ་ཨིནམ་ད་ རེས་ཚེ་སྐབས་ གནམ་ནུབ་མོ་རྐྱངམ་གཅིག་ འབྲུག་པའི་ས་ཁོངས་ནང་ འོངམ་མས་ཟེར་ བསམ་འཆར་བཀོདཔ་ཨིན་པས།
དེ་བཟུམ་སྦེ་ ཚར་གཅིག་ བུམ་ཐང་མདོ་སྔགས་ཆོས་གླིང་ཨ་ནེམོ་གྲྭ་ཚང་ནང་ སྡོད་པའི་སྐབས་ ཁྲིམས་སྲུང་འགག་པ་ཚུ་ འོང་དོ་ཟེརཝ་ད་ ཨ་ནེམོ་ཚུ་ མཁན་པོ་བསྐྱལ་བར་ སྤོ་ཏོག་གུ་ལས་ཕར་ འགྱོ་དགོཔ་ཐོན་མི་ལུ་བལྟ་སྟེ་ དོགས་སྣང་བྱུངམ་ལས་ ནེ་པཱལ་ལས་ ཐིམ་ཕུ་ལུ་ལྷོདཔ་ཅིག་ གྲྭ་ཚང་གཞན་ནང་ འཛུལ་ནི་སྦེ་ བློ་ཐག་བཅད་ཡི་ཟེར་ སླབ་ཨིན་པས།
བདེ་ཆེན་མཚོ་མོ་གི་ སྤུན་ཆ་ཅིག་ཨིན་མི་ ཨམ་ཅུམ་ཅིག་གིས་འབད་བ་ཅིན་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ བུམོ་དེ་ ཐིམ་ཕུ་ལུ་ ལྷོད་ཡོདཔ་གོ་ཞིནམ་ལས་ ཁྱིམ་ནང་ཁྱིད་འོངམ་ད་ སེམས་དང་མ་ལྡན་པའི་ གནས་ཚུལ་འདྲ་མིན་སྣ་ཚོགས་ བཤད་ནི་འདུག་ཟེར་ཨིན་པས།
དེ་གི་ནངས་པ་ ཨམ་ཅུམ་དེ་གིས་ བརྒྱུད་འཕྲིན་བཏང་པའི་སྐབས་ ཨ་ནེམོ་སངས་རྒྱས་དབང་མོ་གིས་ ཨ་ནེམོ་༢ ད་ལྟོ་ ཁྱོད་དང་གཅིག་ཁར་ བཞག་གནང་ཟེར་ སླབ་ཡོདཔ་ཨིན་པས།
ད་རུང་ དེ་གི་ནངས་པ་ བརྒྱུད་འཕྲིན་བཏང་པའི་སྐབས་ ཨ་ནེམོ་སངས་རྒྱས་དབང་མོ་གིས་ བརྒྱུད་འཕྲིན་འཐུ་མ་བཏུབ་མ་ཚད་ བརྒྱུད་འཕྲིན་འགྱོ་མ་བཏུབ་བཟོ་བཞག་ཡོདཔ་ད་ དེ་གི་ཤུལ་ལས་ མོ་སྡོད་ས་ བར་སྦིས་ས་ལུ་ སོང་ལྟཝ་ད་ གར་སོང་མེདཔ་མ་ཚད་ མཁན་པོ་སངས་རྒྱས་དབང་འདུས་ལུ་ ཨ་ནེམོ་༢ ཀྱི་སྐོར་ལས་ བརྒྱུད་འཕྲིན་བཏང་རུང་ མཁན་པོ་གིས་ ང་གིས་མི་ཤེས་ དབང་ཚད་ཡང་ ང་ལུ་མེད་ཟེར་ སླབ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཨ་ནེམོ་༢ གཞན་ཁར་བཙུགས་ནི་སྦེ་ ཨ་ནེམོ་གྲྭ་ཚང་ཚུ་ནང་ འགྱོ་བའི་སྐབས་ ཧེ་མའི་ ཡིག་ཆ་དང་ ལག་ཁྱེར་ཚུ་དགོ་ཟེར་སླབ་སྟེ་ ལེན་མ་བཏུབ་པར་བཞག་དཔ་ལས་ ད་ལྟོ་ དེ་སྦེ་ར་ཡོད་ཟེར་ བཤདཔ་ཨིན་པས།
མཁན་པོ་སངས་རྒྱས་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་ ཁོང་ཆ་ཁྱབ་ སློབ་ཕྲུག་སྦེ་སྡོད་པའི་རིང་ ང་བཅས་ཀྱིས་ ཨ་ནེམོ་ནང་ བང་བཙོང་དབང་བཙོང་ཐོག་ལས་ མ་ཁྱིད་པའི་ཁར་ བུམ་ཐང་མདོ་སྔགས་ཆོས་གླིང་ཨ་ནེམོ་གྲྭ་ཚང་ནང་འབད་རུང་ དཔེ་ཆ་སྟོན་ཡི་ཟེར་ཨིནམ་ད་ གྲྭ་ཚང་དེ་ ད་ལྟོ་ གཞུང་ལས་གནང་བ་ མ་ལྷོདཔ་ལས་བརྟེན་ དུས་རྒྱུན་དུ་ དཔེ་ཆ་སྟོན་མ་ཚུགས་མི་དེ་བདེན་ཟེར་ སླབ་ཨིན་པས།
ད་ལྟོ་ བུམ་ཐང་མདོ་སྔགས་ཆོས་གླིང་ཨ་ནེམོ་གྲྭ་ཚང་ བཟོ་སྐྲུན་འབད་ནི་ཨིན་མིའི་ནང་ དགེ་སློང་དང་ ཨ་ནེམོ་བསྡོམས་༣༠ དེ་ཅིག་ཡོདཔ་ད་ ཁོང་ཨ་ནེམོ་ལ་ལུ་ཅིག་ གནམ་དགུན་གྱི་དུས་ཚོད་ལུ་ རྒྱ་གར་རྡོ་རྗེ་གདན་དང་ ནེ་པཱལ་ལུ་ གནས་སྐོར་ནང་ ཁྱིད་སོང་ཡི་ཟེར་ མཁན་པོ་སངས་རྒྱས་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment