གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ དགོངས་ཞུ་འབད་ཡོདཔ།

༣༠/༤/༢༠༡༣   ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༥༨ པ་ འཚོགས་ཐོག་ལས་ གཞུང་སྐྱོང་དང་པའི་གནས་ཡུན་ མཇུག་བསྡུ་ཡི།
 ༉ ཁ་ཙ་ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༢༩ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༥༨ པ་དང་ མཇུག་བསྡུའི་རྟེན་འབྲེལ་བརྩི་ཐོག་ལས་ འབྲུག་གི་དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་མི་ བློན་ཆེན་དང་པ་གིས་ དབུ་གཙོས་པའི་ བློན་པོ་ཚུ་ གནས་ཡུན་ལོ་༥ ཚང་སྟེ་ རང་སོའི་གོ་གནས་ལས་ དགོངས་ཞུ་འབད་ཡི།
བཀྲིས་ཆོས་རྫོང་གི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ དབྱངས་པའི་སློབ་དཔོན་ འཆི་མེད་དང་ དགུན་བཞུགས་གནས་བརྟན་གཉིས་ཀྱིས་ འགོ་ཁྲིད་ཐོག་ལས་ དགོངས་ཞུ་བྱོན་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ བཀྲིས་སྨོན་ལམ་དང་ རྒྱལ་པོའི་ཞབས་བརྟན་ཕུལ་བའི་བསྒང་།


དེ་ཡང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་གི་བློན་ཆེན་གྱི་ གོ་གནས་ལས་ དགོངས་ཞུའི་ཞུ་ཡིག་གུ་ མཚན་རྟགས་བཀོད་གནང་ཐོག་ལས་ དགོངས་ཞུ་གནང་ཡོདཔ་ད་ ད་ལས་ཕར་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་གནང་ནི་ཨིན་པས།
དགོངསམ་ཞུ་མི་ བློན་ཆེན་གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་ལས་སྦེ་ རྒྱལ་ཡོངས་རྒྱང་མཐོང་ཐོག་ལས་ ཁ་བྲལ་གསུང་བཤད་གནང་མི་དེ་ ཁ་ཙ་ཕྱི་རུའི་ འབྲུག་རྒྱང་བསྒྲགས་ཀྱི་ རྒྱང་མཐོང་ནང་ གསལ་སྟོན་འབད་ཡི་ (དགོངས་ཞུའི་ཁ་བྲལ་གསུང་བཤད་ཤོག་གྲངས་༢ པའི་ནང་གཟིགས)།
དེ་གི་ཤུལ་ལས་ གཞུང་དགེ་འདུན་གྲྭ་ཚང་གི་ དབྱངས་པའི་སློབ་དཔོན་ འཆི་མེད་དང་ དགུན་བཞུགས་གནས་བརྟན་ དེ་ལས་ དགེ་སློང་༣ གྱིས་ འགོ་ཁྲིད་ཐོག་ དགོངས་ཞུ་བྱོན་མི་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡༠ གྱིས་ བཀྲིས་སྨོན་ལམ་དང་ རྒྱལ་པོའི་ཞབས་བརྟན་ཕུལ་གནང་ཡི།
དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་བགྲེསཔ་ཚུ་གིས་ བཀྲིས་ཆོས་རྫོང་གི་ མགོན་ཁང་ནང་ སྙན་དར་ཕུལ་ཐོག་ལས་ ཐུགས་སྨོན་ཚུ་ གནང་པའི་ཤུལ་ལས་ ལྷན་ཁག་སོ་སོའི་ དྲུང་ཆེན་ཚུ་གིས་ རང་སོའི་བློན་པོ་ཚུ་ ཁོང་རའི་གཟིམ་ཅུང་ཚུན་ ཞབས་སྐྱེལ་འབད་ཡི།
དེ་དང་གཅིག་ཁར་ རེས་གཟའ་ཟླ་བ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ འདེམས་བསྐོ་གནང་མི་ གནས་སྐབས་ཀྱི་ གཞུང་དེ་ཡང་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་བཅས་ དུས་རྒྱུན་གྱི་ བྱ་སྒོ་ཚུ་ འཛིན་སྐྱོང་འཐབ་ནི་ གཞུང་འབྲེལ་ཐོག་ དབུ་འཛུགས་གནང་ཡི།
གནས་སྐབས་ཀྱི་ གཞུང་དེ་ཡང་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་དང་ གྲོས་དཔོན་གཞན་༦ གིས་ རྒྱལ་ཡོངས་ཚོགས་འདུ་གསར་བཙུགས་གྲུབ་སྟེ་ བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་མ་བཙུགས་ཚུན་ཚོད་ འཛིན་སྐྱོང་འཐབ་ནི་ཨིན་རུང་ སྲིད་བྱུས་ཅིག་གི་གྲོས་ཆོད་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་བཅས་ ག་ནི་ཡང་ བཟོ་མི་ཆོག་ནི་ཨིན་པས།
གྲོས་དཔོན་ཚུ་ ཡིག་ཚང་ནང་འཛུལ་བའི་ རྟེན་འབྲེལ་བརྩི་ཚར་བའི་ཤུལ་ལུ་ དགོངས་ཞུ་བྱོན་མི་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ འགོ་ཁྲིད་ཐོག་ བློན་པོ་བགྲེསཔ་༡༠ གྱིས་ གནས་སྐབས་ཀྱི་ གཞུང་འཛིན་སྐྱོང་འཐབ་མི་ གྲོས་དཔོན་ཚུ་ལུ་ ལེགས་དར་ཕུལ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment