གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇའི་མཁོ་འདོད་བཀོད་མི་ལུ་ གྲུབ་མ་ཚུགས་པའི་དཀའ་ངལ།

༢༧/༤/༢༠༡༣   ༉ ཀྲོང་གསར་བྲག་སྟེང་རྒེད་འོག་ བསམ་ཆོས་གླིང་ལུ་ ཇ་རིལ་ཚོགས་པ་གིས་ ཚོགས་པ་གཞི་བཙུགས་འབད་དེ་ ལོ་ངོ་དག་པ་ཅིག་ སོང་ཡོད་རུང་ ད་ལྟོ་ ནང་འཁོད་ཀྱི་ མཁོ་མངགས་འབད་མི་ལུ་ར་ བཀྲམ་སྤེལ་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
བསམ་ཆོས་གླིང་ལུ་ ཇའི་ལྕངམ་ཚུ་ འཛུགས་སྐྱོང་འབད་བའི་བསྒང་།


དེ་འབདཝ་ལས་ རྒེད་འོག་དེ་ནང་ལས་ ལོ་དག་པ་ཅིག་ནང་ ག་དེ་མང་མང་ བཀྲམ་སྤེལ་འབད་ནིའི་དོན་ལུ་ བསམ་ཆོས་གླིང་ལྗང་ཇ་ཚོགས་པའི་ འཐུས་མི་ཚུ་གིས་ ཇ་གི་ལྕངམ་༥༠,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཞིབ་འཚོལ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་ ཚོགས་པའི་འཐུས་མི་ དག་པ་ཅིག་གིས་ ཇའི་ཐོན་སྐྱེད་ཀྱི་ ཚོང་སྒྱུར་འགོ་བཙུགས་ཚུགས་ནི་དེ་གིས་ ད་ལྟོ་ ཚོང་འབྲེལ་གྱི་དོན་ལུ་ བརྒྱ་ཆ་༥ དེ་ཅིག་ཡང་ བཀྲམ་སྤེལ་འབད་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ དེ་ཡང་ མང་ཤོས་ར་ གཞུང་འབྲེལ་གྱི་དོན་ལུ་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་ བརྒྱ་ཆ་༥ དེ་ཅིག་ལས་ བཀྲམ་སྤེལ་འབད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མཁོ་འདོད་བཀོད་མི་ལེ་ཤ་ཐོན་རུང་ བཀྲམ་སྤེལ་འབད་མ་ཚུགས་མི་དེ་ ཇ་ཤིང་ཚུ་བཙུགས་ཏེ་ ལོ་༣ གྱི་རྒྱབ་ལས་རྐྱངམ་གཅིག་ ཐོན་སྐྱེད་བསྡུ་ཚུགས་པའི་ཁར་ ད་ལྟོ་ ཐོན་སྐྱེད་འབད་མི་ འཐུས་མི་དག་པ་ཅིག་ལས་ མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ མཁོ་འདོད་བཀོད་མི་དེ་ བཀྲམ་སྤེལ་འབད་ཚུགས་ནིའི་དོན་ལུ་ ད་རུང་ ལོ་ངོ་དག་པ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ དུས་ཅིའི་ལོ་ནང་ ས་ཆ་ཨེ་ཀར་༤༧ དེ་ཅིག་ནང་ འཐུས་མི་༢༧ གྱིས་ ལྕངམ་༥༠,༠༠༠ འཛུགས་སྐྱོང་འབད་ནི་ཨིན་ཟེར་ བཤད་ཅི།
ཁོ་གིས་ སོ་ནམ་ལྷན་ཁག་གིས་ ཞིབ་འཚོལ་འབད་མི་ སྤྱི་ལོ་༢༠༡༡ ལོའི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་ལུ་ ཕྱི་རྒྱལ་ལས་ ལོ་བསྟར་བཞིན་དུ་ ཇ་རིལ་མེ་ཊིག་ཊཱན་༡༠ ནང་འདྲེན་འབད་ཡོདཔ་ལས་ རྒེད་འོག་དེ་ནང་གི་ ས་ཆ་ཨེ་ཀར་༡༠༠ ནང་ འཛུགས་སྐྱོང་འབད་རུང་ མཁོ་འདོད་བཀོད་མི་དེ་ བཀྲམ་སྤེལ་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ ཇ་ཤིང་དེ་གིས་ ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ མི་ཚུ་ལུ་ ཁེ་སང་ལོག་ལྟབ་ཡོད་ཟེར་ཨིནམ་ད་ རྒེད་འོག་ནང་གི་ མི་སེར་ཚུ་གིས་ འཐུས་མི་སྦེ་མ་འཛུལ་རུང་ ལྕངམ་བཙུགས་ནི་ལུ་ དང་འདོད་བསྐྱེད་ནི་དེ་གིས་ ད་ལྟོ་ འཐུས་མི་མེན་པའི་ མི་སེར་༡༠༡ གིས་ རང་སོའི་ས་ཆ་ནང་ འཛུགས་སྐྱོང་འབད་དེ་འདུག་ཟེར་ཨིན་པས།
གཡང་སྒྲོན་གྱིས་ ཇའི་ལྕངམ་བཙུགས་པའི་སྐབས་ ལཱ་ཁག་ཡོད་རུང་ ས་ཆ་དེ་ནང་ གཞན་ལོ་ཐོག་ཚུ་ཡང་ བཏབ་ཚུགསཔ་ལས་ ཁེ་ཕན་ཡང་འདུག་ཟེར་ཨིནམ་ད་ རྒེད་འོག་ནང་ལས་ ཐོན་སྐྱེད་མངམ་སྦེ་ འཐོན་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ ཀོ་རི་ཡ་གཞུང་གིས་ རྒྱབ་སྐྱོར་ཐོག་ལས་ ཁྱིམ་ཐོག་ཚད་༣ འབད་མི་ཅིག་ཡང་ རྐྱབ་ཡོདཔ་ད་ དེ་ནང་ འཕྲུལ་ཆས་དང་ཡིག་ཚང་ དེ་ལས་ འགྲོ་འགྲུལ་འབད་མི་ཚུ་གི་དོན་ལུ་ ཞག་ཉལ་སའི་ཁང་མིག་ཚུ་ཡང་ ཡོད་མི་དེ་ འཕྲལ་མགྱོགས་ར་ ལག་ལེན་འགོ་བཙུགས་ནི་ཨིན་པས།
ཚོགས་པའི་རྩིས་འཛིན་པ་ ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ཚོགས་པའི་འཐུས་མི་༥ གིས་ ལྗིད་ཚད་ག་རཱམ་༧༠ འབད་མི་ ཇའི་ཤོག་སྒམ་ཚུ་བཟོ་ཡོད་རུང་ མང་ཤོས་ར་ གཞུང་འབྲེལ་གྱི་དོན་ལུ་ བཀྲམ་སྤེལ་འབད་ཡོདཔ་ད་ ལ་ལུ་ ཁོང་གི་དོན་ལུ་ བཞག་སྟེ་ཡོད་ཟེར་ཨིན་རུང་ ད་ལྟོ་ ཚོང་འབྲེལ་ཚུ་ག་ར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ ཇའི་ལྕངམ་ཚར་ཅིག་ བཙུགས་པའི་ཤུལ་ལས་ བཟོ་ཐངས་མ་འདྲ་བའི་ཐོག་ལས་ ཐོན་སྐྱེད་མ་འདྲཝ་༤ དེ་ཅིག་ བཟོ་བཏུབ་པས་ཟེར་ཨིན་པས།
ཚོགས་པའི་འཐུས་མི་ཚུ་གིས་ སྔོ་ལྗང་ཆུ་ཤོག་ནང་ ལྕངམ་འཛུགས་སྐྱོང་འབད་དེ་ ཁོང་འཐུས་མི་ནང་འཁོད་ལུ་ བགོ་བཤའ་རྐྱབ་སྟེ་ འཛུགས་སྐྱོང་འབད་ནི་ཡོད་ཟེར་ཨིན་པས།
ལྕངམ་ཚུ་ཡང་ ལོ་༣ གྱི་རྒྱབ་ལས་ ལོ་བསྟར་བཞིན་དུ་ ཟླཝ་༡ ནང་ར་ ཚར་གཉིས་དང་གསུམ་གྱི་བར་ན་ བཏོག་བཏུབ་ཟེར་ཨིན་པའི་ཁར་ ལྕངམ་ཚུ་ཡང་ ཆུ་ཤོག་ནང་བཙུགས་ཡོད་མི་ཚུ་ དུས་ཚོད་འ་ནེམ་ཅིག་ཁར་ ཆརཔ་མེད་རུང་ བཙུགས་བཏུབ་དོ་ཡོད་རུང་ ཆུ་ཤོག་མེདཔ་སྦེ་ ལྕངམ་བཙུགས་ཡོད་མི་ཚུ་འབད་བ་ཅིན་ ཆུ་དགོ་ནི་དེ་གིས་ ཆར་ཆུ་གི་ དུས་ཚོད་ཁར་རྐྱངམ་གཅིག་ བཙུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment