གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ གླངམོ་ཆེ་ཚུ་གིས་ འཕྲོ་མཐུད་དེ་ར་ གནོད་སྐྱོན་རྐྱབ་དོ་ཡོདཔ།

༢༧/༤/༢༠༡༣   ༉ མ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ བསམ་རྩེ་ པདྨ་གླིང་རྒེད་འོག་ དཔལ་འབྱོར་གླིང་གཡུས་ཚན་ནང་ གེ་ཟ་ཚུ་ རྒྱ་ཆེ་དྲགས་སྦེ་ སྐྱེ་བའི་དུས་ཚོད་ཅིག་ཨིན་རུང་ ད་རེས་ ཞིང་ཚུ་ནང་ལྟཝ་ད་ གེ་ཟ་དུམ་གྲ་རེ་ལས་ མི་མཐོང་དོ་ཡོདཔ་ཨིན་པས།
གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་མི་ དོག་མ་ཤིང་ཚུ།


དེ་ཡང་ གླངམོ་ཆེ་དང་ རི་ཕག་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཨིནམ་ད་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ནུབ་མོ་ཡང་ གཡུས་མི་ཚུ་གིས་ གླངམོ་ཆེ་༢ གཡུས་ཚན་ནང་ མཐོང་བའི་ཤུལ་ལས་ བདའ་བཏང་ཡོདཔ་ཨིན་པས།
དེ་ཚེ་ནུབ་མོ་ གླངམོ་ཆེ་ཚུ་གིས་ གཡུས་ཚན་ནང་ ངང་ལ་ཤིང་ཚུ་བཅགས་ཏེ་ ཟ་ཡོདཔ་མ་ཚད་ ངང་ལ་ཤིང་གི་ཕྱགས་སྙིགས་ཚུ་ འཁོར་ལམ་ཁར་ བཀོག་བཞག་མི་ཚུ་ གཡུས་མི་ཚུ་གིས་ ཕྱགས་བཏང་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ན་ཧིང་ཚུན་ ཨུ་ཚུགས་བསྐྱེད་དེ་ར་ གེ་ཟ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ རི་དྭགས་སེམས་ཅན་ཚུ་གིས་ ཧིང་སངས་ས་སྦེ་ར་ཟ་ཚར་ཏེ་ བསྡུ་ནི་མ་ཐོབ་མི་ལུ་བརྟེན་ དུས་ཅི་ལས་ ཞིང་ཚུ་སྟོངམ་སྦེ་ བཞག་ཡི་ཟེར་ཨིན་པས།
དཔལ་འབྱོར་གླིང་ འགྲུལ་འཁོར་ལམ་ལས་ མི་ཊར་དག་པ་ཅིག་གི་ ས་ཁར་སྡོད་མི་ མ་ནི་ཀུ་མར་གྱིས་ བཤད་མིའི་ནང་ ཁོ་གིས་ ན་ཧིང་ ས་ཆ་ཌེ་སི་མཱལ་༥༠ དེ་ཅིག་ནང་ གེ་ཟ་འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ གླངམོ་ཆེ་དང་ སྤྱ་ དེ་ལས་ རི་ཕག་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ དུམ་གྲ་ཅིག་ཡང་ བཟའ་ནི་མ་ཐོབ་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ས་གནས་དེ་ཁར་ ལོ་ཐོག་ག་ཅི་ཡང་ འཚོ་དོ་ཡོདཔ་ལས་ མི་སེར་ཚུ་ སྤྱང་ཀ་སྦེ་ སྡོད་དགོཔ་མེད་རུང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ ད་རེས་ ཆུམ་ལས་འགོ་བཟུང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ལས་ ཉོ་བཟའ་དགོཔ་འཐོནམ་མས་ཟེར་ ཁོ་གིས་སླབ་ཨིན་པས།
ད་རེས་ ཞིང་སྟོངམ་དང་ གེ་ཟ་ཨ་ཙི་རེ་ སྐྱེས་ཏེ་ཡོད་པའི་ ཞིང་ཚུ་གུ་ རྫུབ་མོ་དཔག་ཐོག་ལས་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ཞིང་དེ་ཚུ་ནང་ གེ་ཟ་ཚུ་ ལྟེམ་ལྟེམ་སྦེ་ སྐྱེས་སར་མཐོང་ནི་ཡོད་ཟེར་ཨིནམ་ད་ དུས་ཅི་ ཁོ་གིས་ ཁོ་རའི་ཞིང་ཚུ་ནང་ ནོར་སེམས་ཅན་ཚུ་ལུ་ བྱིན་ནིའི་དོན་ལས་ རྩྭ་ཚུ་བཏབ་བཞག་སྟེ་ ཡོད་ཟེར་ཨིན་པས།
གཡུས་མི་གཞན་ སྐྱེས་ལོ་༤༠ འབད་མི་ ཚེ་རྒྱས་ལྷ་མོ་གིས་ བཤད་མིའི་ནང་ མོ་གིས་ མོ་ར་བཟའ་ནིའི་དོན་ལུ་ དུས་ཅི་ཡང་ ཁྱིམ་གྱི་མཐའ་འཁོར་ཚུ་ནང་ གེ་ཟ་དུམ་གྲ་རེ་ བཙུགས་ཡི་ཟེར་ཨིནམ་ད་ མོ་རའི་ཁྱིམ་གྱི་ གདོང་ཁར་ཡོད་པའི་ དོག་མ་ཤིང་ཚུ་ཡང་ ལེ་ཤ་ཅིག་ར་ གླངམོ་ཆེ་ཚུ་གིས་ མེདཔ་བཏང་ཚར་ཡོདཔ་ལས་ གེ་ཟ་དེ་ཡང་ ག་དེ་སྦེ་ བདག་འཛིན་འཐབ་ཚུགས་འོང་ག་ མི་ཤེས་པས་ཟེར་ཨིན་པས།
མ་ནི་ཀུ་མར་གྱི་ཁྱིམ་ཚང་ ཨམ་རྒན་ཤོས་ཅིག་གི་ ཁྱིམ་གྱི་སྦོ་ལོགས་ཁར་ དོག་མ་ཤིང་ཚུ་བཙུགས་ཏེ་ ཤིང་ལ་ལུ་ཅིག་གུ་ དོག་མ་ཡང་ བཏགས་ཏེ་ཡོདཔ་ཨིན་རུང་ བདུན་ཕྲག་ཅིག་ ལྷགཔ་ཅིག་ནང་ གླངམོ་ཆེ་ཚུ་གིས་ དོག་མ་ཤིང་༥ བཅགས་ཐོག་ལས་ ཟ་ཡོདཔ་སྦེ་ སླབ་ཨིན་པས།
དོག་མ་ཤིང་ཚུ་ གླངམོ་ཆེ་ཚུ་གིས་ བརྡབས་བཏང་ཐོག་ལས་ པགས་ཀོ་ཤུབས་ཏེ་ སྤྱི་ཏོག་ཁར་ཡོད་པའི་ ནང་ནའི་ཤིང་དཀརཔོ་ འཇམ་ཁྱུག་ཁྱུ་འབད་མི་ཚུ་ ཟ་ཡོདཔ་སྦེ་མཐོང་ཡི།
དབུགས་འགམ་སྡོད་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ གླངམོ་ཆེ་ཚུ་གིས་ གནོད་སྐྱོན་བཀལ་མི་དེ་ ད་རེས་ མཇུག་མེན་ཟེར་ཨིནམ་ད་ ད་རུང་ ཕྱུག་གུ་ཚུ་ཁྱིད་དེ་ གཡུས་ཚན་ནང་ གནོདཔ་བཀལ་བར་ འཐོན་འོང་ཟེར་ སླབ་ཨིན་པས།
གཡུས་ཚན་དེ་གི་ཉེ་འདབས་ལུ་ ནགས་ཚལ་རྒྱ་ཆེ་དྲགས་དང་ སྟུག་དྲགས་འབད་མི་ཅིག་ཡོདཔ་ད་ གླངམོ་ཆེ་ཚུ་ ནགས་ཚལ་དེ་ནང་ལས་སྦེ་ གཡུས་ཚན་ནང་ འོང་དོ་ཡོདཔ་ཨིན་པས།
ནགས་ཚལ་དེ་གི་ མཐའ་སྐོར་ཏེ་ གློག་རྒྱུན་གྱི་ར་བ་ཚུ་ རྐྱབ་སྟེ་ཡོདཔ་ཨིན་རུང་ དེ་ཚུ་ ད་རེས་ཀྱི་གནས་སྟངས་ནང་ གློག་ཐག་ཚུ་ ཆད་ཡོདཔ་མ་ཚད་ འོག་ལས་མར་ རྩྭ་སྐྱེས་བའི་ཁར་ སྦོ་ལོགས་ཁ་ལས་ཕར་ སྒོ་ནོར་སེམས་ཅན་ཚུ་ཡང་ རྩྭ་བཟའ་སྡོད་སར་ མཐོངམ་ཨིན་རུང་ གཡུས་མི་ཚུ་གིས་འབད་བ་ཅིན་ གློག་ཐག་གི་ར་བ་དེ་ གཞུང་གིས་རྐྱབ་སྟེ་ མི་སེར་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ མི་སེར་ཚུ་གིས་ བདག་འཛིན་འཐབ་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment