གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གི་སྒྲིག་རྒྱུག་སྣུམ་འཁོར་ ལོག་རྩིས་སྤྲོད་འབད་ཡོདཔ།

༣༠/༤/༢༠༡༣   ༉ ཁ་ཙ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཁོ་རའི་ གཞུང་གི་སྒྲིག་རྒྱུག་སྣུམ་འཁོར་ པ་ར་ཌོ་ཧོནམོ་དེ་ གཞུང་ལུ་ རྩིས་སྤྲོད་པར་སོང་ཡོདཔ་ཨིན་རུང་ རྩིས་ལེན་མི་ ག་ཡང་མ་ཐོནམ་ལས་ སྣུམ་འཁོར་གྱི་ལྡེ་མིག་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ འགོ་དཔོན་ཚུ་ལུ་ སྤྲོད་བཞག་ཡོདཔ་ཨིན།
ལོག་རྩིས་སྤྲོད་ཕུལ་མི་སྣུམ་འཁོར་པ་ར་ཌོ།


དེ་གི་ཧེ་མར་ ཐིམ་ཕུ་ལྕང་སྒང་ཁ་ལུ་ཡོད་པའི་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་རྙིངམ་ནང་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ཡང་ འཚོགས་ཡོདཔ་ད་ གཞུང་གི་སྒྲིག་རྒྱུག་སྣུམ་འཁོར་དེ་ ཁོ་རའི་ དེད་གཡོགཔ་གིས་བདའ་ཞིནམ་ལས་ ཁོ་ར་ གནས་ཚང་གི་སྣུམ་འཁོར་ སི་ཨར་བི་བཏང་སྟེ་ འབྲུག་གི་སྤྱི་ཚོགས་ཀྱི་ ཡིག་ཚང་ནང་སོང་ཡོདཔ་ད་ དེ་གི་ཤུལ་ལས་ བཀབ་ནེ་དཀརཔོ་བཀབ་ཞིནམ་ལས་ ལྡེ་མིག་རྩིས་སྤྲོད་པར་སོང་ཡི།
ལྡེ་མིག་དེ་ རྩིས་སྤྲོད་འབདཝ་དང་གཅིག་ཁར་ གནས་སྐབས་གཞུང་གི་ ཁྲི་འཛིན་ལུ་ཨིན་པའི་ ཡི་གུ་ཅིག་ཡང་ ཕུལ་བཞག་པའི་ཤུལ་ལུ་ ལོག་སོང་ཡོདཔ་ཨིན་རུང་ ཁྲིམས་མཐུན་ཐོག་ རྩིས་སྤྲོད་འབད་བར་ ད་རིས་ འགྱོ་ནི་ཨིན་པས།
གནས་སྐབས་གཞུང་གི་ ཁྲི་འཛིན་ལུ་ཨིན་མི་ ཡི་གུ་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱལ་རབས་དང་ལྡན་པའི་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་སྐབས་ མི་སེར་ཚུ་གིས་ ཁོ་ར་ལུ་ སྤྱི་ཚོགས་དང་པའི་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ ཕྱག་ཞུ་ནིའི་ གོ་སྐབས་གནང་ཡོདཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁོ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་འདྲ་མཉམ་གྱི་ བཀབ་ནེ་གནང་ཡོདཔ་བཞིན་དུ་ ཁོ་རའི་མཉམ་རོགས་ དམ་ཆོས་རྡོ་རྗེ་གིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྩ་བ་གསུམ་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཡི་ཟེར་ཨིན་པས།
དེ་དང་གཅིག་ཁར་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་སོང་བའི་སྐབས་ བློན་ཆེན་གྱིས་ ཞུ་བ་ཕུལ་མི་དང་འཁྲིལ་ མི་དབང་མཆོག་གིས་ དགོངས་ཞུ་འབད་མི་ བློན་ཆེན་དང་ བློན་པོའི་ལྷན་ཚོགས་ ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ གཞུང་གི་སྒྲིག་རྒྱུག་སྣུམ་འཁོར་ཚུ་ གསོལ་རས་སྦེ་ གནང་ནུག་ཟེར་བཀོད་ནུག།
ཡི་གུ་དེ་དང་འཁྲིལཝ་ད་ མ་གཞི་ མི་དབང་མཆོག་ལས་ དེ་བཟུམ་མའི་ སྐྱིད་སྡུག་ཐོབ་མི་ལུ་ སྤྲོ་སྣང་སྦོམ་བྱུང་རུང་ ད་ལྟོ་ཚུན་ ཁོ་ལུ་ གཞུང་དོན་ལུ་གནང་མི་ སྒྲིག་རྒྱུག་སྣུམ་འཁོར་དེ་ ཁོ་རའི་ སེམས་ཀྱི་གདིང་ལས་ར་ ལེན་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ འབྲུག་མི་རེ་རེ་བཞིན་དུ་གིས་ ཤེས་རྟོགས་ཡོད་པའི་ གནད་དོན་ཚུ་ལུ་བརྟེན་ཏེ་ ཨིན་ཟེར་བཀོད་ནུག།
གཞུང་གི་ སྒྲིག་རྒྱུག་སྣུམ་འཁོར་དེ་ ལོག་རྩིས་སྤྲོད་འབད་དགོ་མི་དེ་ཡང་ བློན་ཆེན་གྱིས་ མི་དབང་མཆོག་ལུ་ དེ་བཟུམ་མའི་ སྐྱིད་སྡུག་གི་ཞུ་བ་ཕུལ་མི་ལུ་བལྟཝ་ད་ ལམ་ལུགས་དེ་ ཚུལ་དང་མ་མཐུནམ་སྦེ་ མཐོང་ཡི་ཟེར་ཨིནམ་ད་ གལ་སྲིད་ ད་རེས་ཀྱི་ཐད་ཁར་ གཞུང་གི་སྣུམ་འཁོར་ པ་ར་ཌོ་དང་ ལེན་ཀུ་རུ་ཛར་ཚུ་ ང་བཅས་ལུ་ར་ གནང་པ་ཅིན་ ཤུལ་ལས་ཀྱི་ བློན་པོ་དང་ དེ་དང་མཉམ་པའི་ གོ་གནས་འཆང་མི་ཚུ་གིས་ཡང་ ཐོབ་བརྗོད་བཀོད་དེ་ ཐོབ་དབང་བཟུམ་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
བརྡ་བརྒྱུད་ཞལ་འཛོམས་ཀྱི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་མགྲིན་ཚབ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དང་འཁྲིལ་ སྣུམ་འཁོར་ནང་འདྲེན་འབད་ནི་དང་ ཐ་ན་ ཞི་གཡོགཔ་ཚུ་གིས་ རང་སོའི་སྡེ་རིམ་དང་འཁྲིལ་ཏེ་ སྣུམ་འཁོར་ཉོ་ནིའི་ ཐོབ་སྐལ་ཚུ་ཡང་ བཀག་ཆ་འབད་དེ་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ད་རེས་ སྒྲིག་རྒྱུག་སྣུམ་འཁོར་ཚུ་ གཞུང་གིས་ ལོག་རྩིས་མ་བཞེས་པ་ཅིན་ ཤུལ་མམ་གྱི་ སྤྱི་ཚོགས་ཀྱི་ འགོ་ཁྲིདཔ་ཚུ་གི་དོན་ལུ་ སྣུམ་འཁོར་གསརཔ་ ཉོ་དགོཔ་འཐོན་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་ ད་ལྟོ་ གནས་སྟངས་ལེགས་ཤོམ་ཡོདཔ་ལས་ ད་རུང་ ལོ་༥ དེ་ཅིག་གི་རིང་ ལེགས་ཤོམ་སྦེ་ར་ ལག་ལེན་འཐབ་བཏུབ་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་བལྟ་རུང་ ལེགས་ཤོམ་ཅིག་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐྱིད་སྡུག་དེ་ མི་དབང་མཆོག་གིས་ ཕྲངམ་ཕྲང་སར་ གནང་གནངམ་ཨིན་པ་ཅིན་ ཞུ་ནི་མེད་ཟེར་ཨིནམ་ད་ ཨིན་རུང་ སྐྱིད་སྡུག་ཞུ་སྟེ་ ཐོབ་མི་དེ་ལུ་ ཡིད་ཆེས་བསྐྱེད་མི་ཚུགས་པས་ཟེར་ སླབ་ཨིན་པས།
གཞུང་གི་ སྒྲིག་རྒྱུག་སྣུམ་འཁོར་ཚུ་ སྐྱིད་སྡུག་ཞུ་མི་དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་གཞན་ཚུ་ལུ་ སྣུམ་འཁོར་གྱི་འཐུས་ཚུ་ ཐོབ་མི་ལུ་བརྟེན་ཏེ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ ལམ་ལུགས་དང་འཁྲིལ་ ཐོབ་ཐོབ་ཨིན་ཟེར་ དམ་ཆོས་རྡོ་རྗེ་གིས་ སླབ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོ་རའི་ གཞུང་གི་སྒྲིག་རྒྱུག་སྣུམ་འཁོར་དེ་ ལོག་གཞུང་ལུ་ རྩིས་སྤྲོད་ཕུལ་མི་དེ་ ཚུལ་དང་མཐུན་པའི་ལཱ་བྱ་ཅིག་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ནང་ལས་ཐོབ་མི་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལཝ་ད་ ད་རེས་ མི་དབང་མཆོག་ལས་ སྣུམ་འཁོར་པ་ར་ཌོ་ གསོལ་རས་ཐོབ་མི་དེ་ བཙག་འཐུ་མ་རན་པའི་ཧེ་མར་ གནད་དོན་སྦོམ་ཅིག་སྦེ་ བཟོ་མི་ལུ་བལྟ་སྟེ་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
དམིགས་བསལ་དུ་ དུས་ཚོད་འ་ནེམ་ཅིག་ཁར་ གནད་དོན་དེ་ མནོ་བཞིན་བསམ་བཞིན་དུ་ འབྲུག་མི་ཚུ་གི་ སེམས་དཀྲུག་ནི་ལུ་དམིགས་ཏེ་འབད་བའི་ ལཱ་བྱ་ཅིག་ཨིནམ་སྦེ་ བཀོད་དེ་འདུག།
གནས་ཚུལ་གསར་བཏོན་ནང་ གསོལ་རས་གནང་ནི་དེ་ འབྲུག་པའི་ལམ་སྲོལ་ཅིག་འབདཝ་ལས་ གསརཔ་ཅིག་མེན་ཟེར་ཨིནམ་ད་ དེ་ཡང་ གོངམ་དང་གཡོག་གི་བར་ན་ ངལ་རངས་བསྐྱེད་པའི་ ཐབས་ལམ་ངོ་མ་ཅིག་སྦེ་ གནས་ཏེ་ཡོད་ཟེར་ཨིན་པས།
ད་རེས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ མི་དབང་མཆོག་གིས་གནང་མི་ གསོལ་རས་དེ་ ལོག་གཞུང་ལུ་ཕུལ་དགོ་པའི་ གནད་དོན་ཡོདཔ་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་བཟུམ་འབད་མི་དེ་གིས་ མི་དབང་མཆོག་གི་ ཉེན་སྲུང་ལུ་ཡང་ ཉེན་འཚུབས་བཀལཝ་ཨིན་མས་ཟེར་ བཀོད་འདུག་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment