གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་ལུ་ ད་ལྟོ་ཡང་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགས་པར་ཡོདཔ།

༢༢/༤/༢༠༡༣   ༉ རྒྱ་གར་གྱི་གནམ་གྲུ་ ཧེ་ལི་ཀོབ་ཊར་༢ ཀྱིས་ ད་རུང་ ད་རིས་སྤ་རོ་ལས་ ལུང་ནག་ནང་རྒེད་འོག་ལུ་ འཕུར་འགྲུལ་འབད་ནི་གི་ དཔའ་བཅམ་ནི་ཨིནམ་ད་ འདས་པའི་ཉིནམ་༣ གྱི་རིང་ འཕུར་འགྲུལ་འབད་ནི་གི་ དཔའ་ཁ་བཅམ་པའི་སྐབས་ གནམ་གཤིས་ལེགས་ཤོམ་མེད་མི་ལུ་བརྟེན་ ལུང་ནག་ནང་ལུ་ ཆགས་མ་ཚུགས་པར་ ལམ་བར་ན་ལས་ ལོག་དགོཔ་ཐོན་ཡོདཔ་ཨིན་པས།
གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ དེད་དཔོན་གྱིས་ ས་སྨུག་ནང་ལས་ འཕུར་འགྲུལ་ལམ་ལྟ་བའི་བསྒང་།


ཁ་ཙ་ གནམ་གྲུ་༢ སྤ་རོ་ལས་ འཕུར་འགྲུལ་འབད་བའི་ཤུལ་ལུ་ རྡོ་སྐྱོང་ལ་ལས་ ལོག་དགོཔ་ཐོན་མི་དེ་ཡང་ གནམ་གཤིས་ལེགས་ཤོམ་མེད་ནི་དེ་གིས་ཨིནམ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དྲོ་པ་ཁམས་ཅིག་ཁར་ གནམ་གཤིས་ལེགས་ཤོམ་འོང་བའི་ རེ་བ་བསྐྱེད་དེ་ དྲོ་པའི་ཆུ་ཚོད་༨:༣༠ དེ་ཅིག་ལུ་ འཕུར་འགྲུལ་འབད་རུང་ ལོག་འགྱོ་དགོཔ་ཐོན་ནུག་ཟེར་ཨིན་པས།
ལུང་ནག་ནང་ལུ་ འཕུར་འགྲུལ་འབད་ནིའི་དོན་ལུ་ ལན་ཐེངས་༣ དཔའ་བཅམ་ཡོདཔ་ད་ དེ་ཡང་ འགོ་ཐོག་སྤྱི་ཟླ་༤ པའི་ཚེས་༡༨ ལུ་ མགར་ས་ལས་ ཚོགས་རྒྱན་འགོ་དཔོན་༣ དང་ ཚོགས་རྒྱན་འཕྲུལ་ཆས་༤ འབག་སྟེ་ འཕུར་འགྲུལ་འབད་བའི་སྐབས་ ལུང་ནག་ནང་ལུ་ ཆགས་མ་ཚུགསཔ་ལས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ ཧ་སི་མ་ར་ལུ་ ཆགས་དགོཔ་ཐོན་ཡོདཔ་ཨིན་པས།
གནམ་གྲུ་ནང་ འགྱོ་མིའི་གྲས་ལས་ མགར་ས་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ལས་རོགསཔ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གནམ་གྲུ་༢ ས་སྨུག་ནང་ལས་ འགྱོ་མ་ཚུགསཔ་ལས་བརྟེན་ ལོག་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ས་སྨུག་ལུ་བརྟེན་ ག་ནི་ཡང་ མ་མཐོང་ནི་དེ་གིས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་གནམ་གྲུ་དེ་ ལུང་ནག་ནང་ལུ་ ཆགས་ནིའི་རེ་བ་བསྐྱེད་དེ་ གནམ་ཁར་ཆུ་ཚོད་༢ དེ་ཅིག་ འཕུར་སྡོད་པའི་ཤུལ་ལས་ མར་ཁུ་རྫོགས་ནི་འབདཝ་ལས་ ཧ་སི་མ་ར་ལུ་ ཆགས་དགོཔ་བྱུང་ཡི་ཟེར་ཨིན་པས།
དེ་གི་ནངས་པར་ གནམ་གྲུ་༢ ཧ་སི་མ་ར་ལས་ འཕུར་འགྲུལ་འབད་བའི་སྐབས་ རྡོ་སྐྱོང་ལ་ལུ་ལྷོདཔ་ད་ ཁ་སྒྱུར་ཏེ་ སྤ་རོ་གནམ་ཐང་ནང་ ཆགས་པའི་ཤུལ་ལས་ གནམ་གྲུ་ནང་འགྱོ་མི་༣ དང་ ཚོགས་རྒྱན་འཕྲུལ་ཆས་༤ སྣུམ་འཁོར་ནང་བཙུགས་ཏེ་ མགར་ས་ལུ་ བཏང་ཡོདཔ་ཨིན་པས།
ཁ་ཉིནམ་ སྤ་རོ་ལུ་ གནམ་གཤིས་ལེགས་ཤོམ་མེདཔ་ལས་ འཕུར་འགྲུལ་འབད་མ་ཚུགསཔ་ད་ ཁ་ཙ་ འཕུར་འགྲུལ་འབདཝ་ད་ ད་རུང་ རྡོ་སྐྱོང་ལ་ལས་ ལོག་དགོཔ་ཐོན་ཡོདཔ་ཨིན་པས།
ཁ་ཙ་ མགར་ས་ལུ་ཆགས་ཏེ་ ཚོགས་རྒྱན་འགོ་དཔོན་ཚུ་དང་ འཕྲུལ་ཆས་ཚུ་ ལུང་ནག་ནང་ལུ་ བསྐྱལ་ནིའི་དཔའ་བཅམ་རུང་ ཁ་ཙ་ མགར་ས་ལུ་ ཆརཔ་རྐྱབ་མི་ལུ་ལྟཝ་ད་ འཕུར་འགྲུལ་འབད་ཚུགས་པའི་ གོ་སྐབས་མ་མཐོངམ་ཨིན་པས།
ངོས་ལེན་དགོ་དཔོན་ ཟླ་བ་དཔལ་འབྱོར་གྱིས་ སླབ་མིའི་ནང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མ་འགྱོ་ཚུན་ བསྒུག་སྡོད་དགོ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ལུང་ནག་ནང་ལུ་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགས་པ་ཅིན་ ཚོགས་རྒྱན་འཕྲུལ་ཆས་ཚུ་ བསྐྱལ་ནིའི་ཐབས་ཤེས་གཞན་ རྩ་ལས་མེད་ཟེར་ཨིན་པས།
གལ་སྲིད་ ལུང་ནག་ནང་ལུ་ བཙག་འཐུ་ཕྱི་སོ་རུང་ རྒེད་འོག་གཞན་༣ གྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་མ་འབད་བར་ བཀག་བཞག་ནི་ཨིན་ཟེར་ཨིན་པས།
ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ ལུང་ནག་ནང་འགྱོ་སའི་ལམ་ག་ར་ ཁཝ་གིས་བཅད་དེ་ ལམ་འགྲུལ་འབད་མ་ཚུགས་པའི་ཁར་ གལ་སྲིད་ ལམ་འགྲུལ་འབད་རུང་ མགར་ས་ལས་ རྐང་སྟོང་འབད་ ཉིན་ལམ་༨ འགྱོ་དགོཔ་ཨིན་པས།
ལུང་ནག་ནང་ལུ་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༤༨༢ ཡོདཔ་བཞིན་དུ་ ལ་ཡ་ལུ་༦༡༢ དང་ ཁ་སྟོད་རྒེད་འོག་ནང་༢༨༨ དེ་ལས་ ཁ་སྨད་རྒེད་འོག་ནང་༤༥༨ ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment