གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༥/༤/༢༠༡༣   ཁ་ལས་སླབ་ཚད་གཅིགཔོ་ ཆ་བཞག་མི་ཚུགས་ནི།
༉ ང་བཅས་ར་ འབྲུག་མི་ཚུ་ག་ར་འབད་རུང་ ཁ་ལས་སླབ་ཚད་གཅིགཔོ་ ཤེས་ཡོན་ཅན་དང་ ཉམས་མྱོང་ཅན་ ལྕོགས་གྲུབ་ཅན་ དེ་ལས་ བསམ་པ་སེམས་བསྐྱེད་བཟང་པོ་ཡོད་མི་ཚུ་གིས་ དད་དམ་ལྷད་མེད་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་དང་ཞབས་ཏོག་ལེགས་ཤོམ་སྦེ་ ཞུ་ཚུགསཔ་ལས་ དམངས་གཙོའི་རིང་ལུགས་ནང་ ག་ནི་བ་ གནད་འགག་ཆེ་བའི་ འགན་འཁྲི་ཚུ་ བཀལ་ནིའི་དོན་ལུ་ ཁོང་ཆ་ཁྱབ་ ངེས་པར་དུ་ བཙག་འཐུ་འབད་དགོཔ་ཨིན་ཟེར་ བདེན་འཛིན་རེ་ཚུགས་པས་ག?


གཅིག་ལས་བལྟ་བ་ཅིན་ དེ་བཟུམ་མའི་ བསླབ་བསྐུལ་འབད་མི་དེ་ཡང་ སྲིད་འབྲེལ་གནད་དོན་ཚུ་ནང་ ལམ་ལུགས་དང་ བྱ་རིམ་བཟུམ་ཅིག་སྦེ་ ངོས་ལེན་འབད་དགོཔ་ཨིན་རུང་ གནད་དོན་གཞན་གྱི་ཁ་ཐུག་ལས་ ན་འཐན་སྦེ་ར་ བསམ་དཔྱད་འབད་བལྟ་བ་ཅིན་ སེམས་ཅན་སྟག་གི་རི་མོ་ཕྱི་ལས་ མགུ་གནག་མི་ཡི་རི་མོ་ནང་ལས་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ སྲིད་འབྲེལ་གནད་དོན་ནང་ ཁ་ལས་སླབ་ཚད་གཅིགཔོ་ དེ་འཕྲོ་ལས་ ཆ་བཞག་ཡིད་ཆེས་བསྐྱེད་ནི་དེ་ཡང་ ཐེ་ཚོམ་དང་འབྲེལ་བའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འདས་པའི་ཉིནམ་༢ ཀྱི་ཧེ་མར་ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ཚུ་ བཙག་འཐུ་འབད་བའི་སྐབས་ རྫོང་ཁག་ལ་ལུ་ཅིག་ནང་ ལྕོགས་གྲུབ་ཅན་དང་ ཉམས་མྱོང་ཅན་ དེ་ལས་ བསམ་པ་སེམས་བསྐྱེད་བཟང་པོ་ཡོད་མི་ཚུ་ བཙག་འཐུ་འབད་དགོ་ཟེར་ འབྲུག་མི་ཆ་མཉམ་གྱིས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ ཁ་ལས་སླབ་མི་དེ་དང་ གྲུབ་འབྲས་བྱུང་མི་ལུ་ལྟཝ་ད་ ཁ་དང་ལགཔ་ རྟགས་མ་མཐུནམ་བཟུམ་ཅིག་ ཡར་སོཔ་མེན་ན་ཟེར་ཞུ་ནི།
དེ་སྦེ་ ཞུ་དགོ་མི་དེ་ཡང་ མཐའ་ཟུར་གཡུས་ཚན་ཚུ་ནང་ ཤེས་མི་ལས་མ་ཤེས་མི་ མངམ་སྦེ་ཡོད་མི་ལུ་བརྟེན་ ཁ་དབང་ཡོད་པའི་ མི་ངན་རེ་གཉིས་ཀྱིས་ མི་སྡེ་ནང་ ངན་བསྐུལ་འབད་བ་ཅིན་ དེའི་དབང་ལུ་ཚུད་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཞུ་ནི།
ད་རེས་ཀྱི་ ཚོགས་སྡེའི་བཙག་འཐུ་ལུ་ ཆ་བཞག་པ་ཅིན་ ག་ཅིའི་ཐད་ལས་འབད་རུང་ ལྕོགས་གྲུབ་དང་ ཉམས་མྱོང་ཡོད་པའི་ འདེམས་ངོ་ལ་ལུ་ཅིག་གིས་ ཁོང་རའི་ རྒེད་འོག་གི་མི་སེར་རྐྱངམ་གཅིག་ལས་མ་གཏོགས་ རྒེད་འོག་གཞན་ཁ་ལས་ ཚོགས་རྒྱན་མ་ཐོབ་མི་ལུ་ལྟཝ་ད་ རང་མོས་དང་ རྣམ་དག་མེད་པའི་རྟགས་མཚན་ སྟོནམ་མས་ཟེར་ཞུ་ནི།
ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ལ་ལུ་ཅིག་ བཙག་འཐུ་ནང་ལས་ མཐར་འཁྱོལ་འབྱུང་ནི་ཨིན་པའི་སྔོན་བཤད་ ཧ་ལམ་ རྫོང་ཁག་གི་ མི་འབོར་བརྒྱ་ཆ་༩༠ དེ་ཅིག་གིས་འབད་ཡོད་རུང་ མཐའན་མཇུག་ཁར་ ཕྱོགས་བཟུང་འབད་དེ་ཡོད་པའི་ མི་ཅིག་གིས་ ཧ་ལས་སི་སི་སྦེ་ རྒྱལ་ཁ་ཐོབ་མི་ལུ་བལྟཝ་ད་ ང་བཅས་ར་ འབྲུག་པའི་མི་སྡེའི་ནང་ར་ དྭངས་གསལ་མེད་པའི་སྐྱོན་ཅིག་ གསལ་སྟོནམ་འབདཝ་ལས་ འདི་གིས་ དམངས་གཙོའི་རིང་ལུགས་ལུ་ ཕན་ཐོགས་ཚུགས་ག?
གནད་དོན་གཅིག་ འབྲུག་ལུ་ སྔོན་ལས་ད་ལྟོ་ཚུན་ གྲོས་ཐག་བཅད་མི་ཚོགས་སྡེ་ཚུ་ནང་ གྲལ་གཏོགས་འབད་མི་ ཨམ་སྲུའི་གྱངས་ཁ་དེ་ ཉུང་སུ་ཅིག་ལས་མེད་པའི་གུ་ ལྷག་པར་དུ་ ད་རེས་ ཚོགས་སྡེའི་བཙག་འཐུ་ནང་ ཨམ་སྲུ་འདེམས་ངོ་ ཕུད་རྡོག་གཅིག་གིས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ འཛམ་གླིང་རྒྱལ་སྤྱིའི་གདོང་ཁར་ འབྲུག་པའི་ཨམ་སྲུ་ཚུ་ ལྕོགས་གྲུབ་མེད་པའི་ མངོན་གསལ་འབད་དོ་བཟུམ་ཅིག་འགྱོཝ་ལས་ ད་ལས་ཕར་ བཙག་འཐུའི་བྱ་རིམ་ཚུ་ནང་ ཨམ་སྲུ་གང་མང་གིས་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་དགོཔ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།
དབང་འདུས།
 
 ལྕང་ཟམ་ཏོག་ ཐིམ་ཕུ།

No comments:

Post a Comment