གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༧/༤/༢༠༡༣   ཤེས་ཡོན་ཅན་གྱི་ ཨམ་སྲུ་ཚུ་ དམངས་གཙོའི་བྱ་རིམ་ནང་འབྲེལ་གཏོགས།
༉ འབྲུག་ལུ་ ཤེས་ཡོན་ཅན་དང་ ལྕོགས་གྲུབ་ཅན་གྱི་ ཨམ་སྲུ་མེདཔ་ཨིན་ན་ ཡང་ཅིན་ ཨམ་སྲུ་ཚུ་ ཕོ་སྐྱེས་དང་ འདྲན་འདྲ་འབད་མི་ཚུགས་ཟེར་ འདྲོག་སྣང་བསྐྱེདཔ་ཨིན་ན་ཡང་ཅིན་ ཨམ་སྲུ་ཚུ་གི་ འགན་ཁུར་དེ་ ནང་གི་ཨམ་དང་ བཟའ་ཚང་མཐའ་སྐྱོང་འབད་མི་ཨིནམ་ལས་ འགོ་ཁྲིད་པའི་ གོ་གནས་འཆང་མ་བཏུབ་པའི་མནོ་ལུགས་ ད་ལྟོའི་བར་ན་ཡང་ཡོདཔ་ཨིན་ན? 


དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་༢༠ ལས་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཨམ་སྲུ་འཐུས་མི་ཕུད་རྡོག་གཅིག་ཡང་མེད་མི་ལུ་ གཞི་བཞག་སྟེ་ མི་ཚུ་གིས་ གོང་གི་དྲི་བ་ཚུ་ བཀོདཔ་ཨིན་མས།
མ་གཞི་ ད་རིས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ ཨམ་སྲུ་འདེམས་ངོ་༥ དེ་ཅིག་ཐོན་ཡོད་རུང་ ཕུད་རྡོག་གཅིག་ཡང་ བཙག་འཐུ་མ་གྲུབ་མི་དེ་ མི་མང་ལས་ ཨམ་སྲུ་ཚུ་ལུ་ བློ་གཏད་དང་ ཡིད་ཆེས་མེད་པའི་ རྟགས་མཚན་ཨིན་ན?
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༣༧༩,༨༡༩ ཡོད་མི་ལས་༡༩༢,༧༩༩ ཨམ་སྲུ་ཨིན་པའི་ཁར་ མོང་སྒར་རྫོང་ཁག་བཟུམ་ཅིག་ལུ་ ཆ་བཞག་རུང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་༡༠,༡༣༩ ལས་༦,༠༣༥ ཨམ་སྲུ་ཨིན་མས། ཚོགས་རྒྱན་སྐྱུར་མི་ ཨམ་སྲུའི་གྱངས་ཁ་ལུ་ ལྟ་བ་ཅིན་ ཨམ་སྲུ་འདེམས་ངོ་རེ་གཉིས་ བཙག་འཐུ་འགྲུབ་ནི་གི་ འོས་འབབ་སྦོམ་འདུག།
འདི་འབདཝ་ད་ རྒྱུ་མཚན་སྣ་ཚོགས་ལུ་བརྟེན་ ཨམ་སྲུ་ཁོང་ར་གིས་ ཨམ་སྲུ་འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་གངམ་འབད་ནི་མེད་མི་དེ་ཡང་ ད་ཚུན་གྱི་བར་ན་ དབུ་ཁྲིད་དང་ དཔོན་ཁག་ཚུ་ ཕོ་སྐྱེས་ཚུ་གིས་འབདཝ་ལས་ ཨམ་སྲུ་ལུ་ འདི་བཟུམ་མའི་ ལྕོགས་གྲུབ་མེད་ཟེར་ མནོ་ལུགས་ཡོད་ནི་དེ་གིས་ཨིནམ་འོང་ནི་མས།
ཧེ་མ་འབད་བ་ཅིན་ ཕམ་ཚུ་གིས་ བུཚ་ཚུ་སློབ་གྲྭ་ནང་བཙུགས་ཏེ་ བུམོ་ཚུ་ ཁྱིམ་ནང་ ཕམ་ལུ་ཆ་རོགས་འབད་མི་སྦེ་ བཞག་མི་ལུ་བརྟེན་ ཨམ་སྲུ་མང་ཤོས་ར་ ནང་གི་ཨམ་དང་ བཟའ་ཚང་མཐའ་སྐྱོང་འཐབ་མི་སྦེ་ ལུས་ཡོདཔ་ལས་ འབྲི་ལྷག་གི་ ཤེས་ཡོན་མེདཔ་ཨིན།
ད་རེས་ནངས་པ་ གནས་སྟངས་བསྒྱུར་བཅོས་སོང་ཡོདཔ་ལས་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་གི་ གྱངས་ཁ་ཚུ་ལུ་ལྟ་རུང་ བུམོ་མང་དོ་ཡོདཔ་མ་ཚད་ ཞི་གཡོག་དང་ ལས་སྡེ་ ལས་འཛིན་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ ཨམ་སྲུ་མང་རབས་ཅིག་ མཐོང་གསལ་བྱུང་པའི་ཁར་ ཡོན་ཏན་དང་ ཉམས་མྱོང་ལས་འབད་རུང་ ཕོ་སྐྱེས་དང་ འདྲ་མཉམ་ཡོདཔ་མ་ཚད་ ལ་ལུ་ཅིག་ ཕོ་སྐྱེས་ལས་ཡང་ ཨམ་སྲུ་ཚུ་ དྲག་དོ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་མས།
གཞུང་གི་སྲིད་བྱུས་ནང་ཡང་ ཕོ་སྐྱེས་དང་ ཨམ་སྲུའི་བར་ན་ ཁྱད་པར་ཕྱེ་ནི་མེདཔ་ལས་ གོ་སྐབས་འདྲ་མཉམ་བྱིནམ་མ་ཚད་ ཤེས་ཡོན་ཅན་གྱི་ ཨམ་སྲུ་ཚུ་གིས་ཡང་ ཞི་གཡོག་དང་ སྤྱི་ཚོགས་ནང་ ཨམ་སྲུའི་དཔྱ་བགོ་དགོཔ་སྦེ་ བློ་འདོད་བཀོད་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྩ་གྲོལ་སོང་མི་ རྒྱལ་ཡོངས་ཚོགས་འདུའི་ནང་ འཐུས་མི་༤༧ ཡོད་མི་ལས་༤ རྐྱངམ་གཅིག་ ཨམ་སྲུ་ཨིནམ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ གནས་ཡུན་ཚང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྱད་ལྡན་གྱི་མི་ངོ་ཨམ་སྲུ་༢ དང་ རྫོང་ཁག་ལས་ བཙག་འཐུ་གྲུབ་མི་ འཐུས་མི་སྲུ་༣ མ་གཏོགས་མེད་མི་དེ་ཡང་ བཙག་འཐུའི་ནང་ ལོག་དོ་འགྲན་འབདཝ་ད་ ཨམ་སྲུ་༣ ཆ་ར་ཕམ་སོ་ཡི།
ཨིན་རུང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ སྲིད་དོན་ཚོགས་པ་༥ ཐོན་ཡོད་མི་ལས་ སྲིད་ཚོགས་༢ ཨམ་སྲུ་༢ ཀྱིས་ འགོ་ཁྲིད་འབད་མི་དེ་ དམངས་གཙོའི་རིང་ལུགས་ནང་ མིག་དཔེ་བཟང་པོ་ཅིག་ཨིནམ་མ་ཚད་ ཨམ་སྲུ་གཞན་ཚུ་ལུ་ཡང་ སེམས་ཤུགས་བསྐྱེད་ཚུགས་ནི་ཨིན་མས།
དམངས་གཙོའི་བྱ་རིམ་་དང་ སྲིད་དོན་ཚུ་ནང་ ཕོ་མོའི་བར་ན་ འབྲེལ་གཏོགས་འདྲ་མཉམ་འབད་དགོ་པ་ཅིན་ ཤེས་ཡོན་ཅན་གྱི་ ཨམ་སྲུ་ཚུ་གིས་ཡང་ དང་ཕུའི་མནོ་ལུགས་ཚུ་སྤང་སྟེ་ གདོང་ཁར་ཐོན་ཐོག་ལས་ འགན་ཁུར་དང་ འབྲེལ་གཏོགས་འདྲ་མཉམ་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment