གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་ཁྲོམ་གསརཔ་༢ སྒོ་ཕྱེ་མི་གིས་ ཅེང་མ་རི་ཚོང་ཁྲོམ་ལུ་ གནོད་དོ་ཡོདཔ།

༢༧/༤/༢༠༡༣   ༉ བསམ་རྩེ་ནོར་བུ་སྒང་ གཡུས་ཚན་གྱི་མི་སེར་ཚུ་གིས་ རེས་གཟའ་ཉི་མ་ལུ་ ཚོང་བཙོང་ནིའི་དོན་ལས་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ལས་ ས་གནས་ཁར་འོང་ཞིནམ་ལས་ གུར་སྤུབ་སྟེ་ བཅའ་སྒྲིག་རྐྱབ་དོ་ཡོདཔ་ཨིན་པས།
ཅེང་མ་རེའི་ཁྲོམ་ནང་ ཚོང་མགྲོན་པ་ ཚད་གཅིག་ལས་བརྒལ་མེདཔ།


ནོར་བུ་སྒང་ རྒེད་འོག་ལྟེ་བ་དེ་ ཧེ་མ་འབད་བ་ཅིན་ ཅེང་མ་རི་ ཁྲོམ་ཟེར་སླབ་དོ་ཡོདཔ་ད་ བསམ་རྩེ་ཁྲོམ་ལས་ ཀི་ལོ་མི་ཊར་༡༠ གྱི་ ས་གནས་ཁར་ཡོདཔ་ཨིན་པས།
ཅེང་མ་རི་ཁྲོམ་དེ་ སྤྱི་ལོ་༡༩༨༢ ལུ་ གཞི་བཙུགས་འབད་ཡོདཔ་ད་ རྒེད་འོག་ནང་ཡོད་མི་ མི་རྒས་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་རྩེ་ལུ་ ཁྲོམ་དང་པམ་དེ་ར་ ཅེང་མ་རི་ཁྲོམ་དེ་ཨིན་ཟེར་ཨིན་པས།
ཚོང་ཁྲོམ་དེ་ འགོ་དང་པ་འགོ་འབྱེད་འབད་བའི་སྐབས་སུ་ རེས་གཟའ་ཕུར་བུ་ལུ་ཨིན་རུང་ ཤུལ་ལས་ རྫོང་ཁག་གིས་ རེས་གཟའ་ཉི་མ་ལུ་ བསྒྱུར་བཅོས་འབད་ཡི་ཟེར་ཨིན་པས།
སྐྱེས་ལོ་༧༢ ལང་མི་ མ་རུ་ ཌིན་ཊ་ལི་དེ་ ས་གནས་ནང་ ཚོང་དཔོན་རྙིང་ཤོས་ཅིག་ཨིནམ་ད་ ཁོ་གིས་ འབད་བ་ཅིན་ ལོ་ངོ་༡༠ གྱི་ཧེ་མ་དང་ ད་ལྟོ་གི་བར་ན་ ཁྲོམ་གྱི་ཁྱད་པར་སྦོམ་ཞུགས་ཏེ་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ རེས་གཟའ་ཉིམ་ཨིན་ཟེར་བའི་བསྒང་ལས་ སེམས་ཁར་དགའ་བ་དང་སྤྲོ་སྣང་ མ་འདྲཝ་ཅིག་ར་ བྱུང་དོ་ཡོདཔ་མ་ཚད་ བསམ་རྩེ་དང་ གཞན་མི་རྒེད་འོག་གི་མི་སེར་ཚུ་ཡང་ ཉོ་ཚོང་རྐྱབ་པར་འོངམ་བཞིད་དུ་ འུར་བྱེལ་འཐབ་སྟེ་ སྡོདཔ་ཨིན་ཟེར་ཨིན་པས།
མ་རུ་ ཌིན་ཊ་ལི་གིས་ འབད་བ་ཅིན་ སྤྱི་ལོ་༡༩༩༠ ལུ་ ས་མཚམས་ནང་ བྲེལ་ཟིང་ཐོན་མི་དེ་གིས་ ས་མཚམས་ས་གནས་ཀྱི་ མི་ཚུ་ཡང་ ཅེང་མ་རི་ ཁྲོམ་ཁར་ ཉོ་ཚོང་རྐྱབ་པར་ འོངམ་ཨིན་ཟེར་ཨིན་པས།
ས་གནས་ཀྱི་ མི་གཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཁྲོམ་དེ དེ་སྦེ་རང་ཡོད་རུང་ ཚོང་མགྲོན་པ་མེད་པའི་བསྒང་ལས་ ཚོང་དཔོན་ཚུ་ ཚོང་རྐྱབ་སྡོད་དེ་ དོན་དག་ཅིག་མིན་འདུག་ཟེར་ཨིན་པས།
ས་གནས་ནང་ ཚོང་པ་༡༠ དེ་ཅིག་ཡོད་མི་གིས་ གནས་སྐབས་ཀྱི་ ཁྱིམ་རྐྱབ་ཡོད་མིའི་ནང་ ས་གནས་ལས་ཐོན་མིའི་ ཚོད་བསྲེ་དང་ ནང་འདྲེན་འབད་མིའི་ ཚོད་བསྲེ་ དེ་ལས་ བཀབ་གོ་ལ་ བཟའ་འཐུང་གི་རིགས་མ་འདྲཝ་ཚུ་ བཙོང་དོ་ཡོདཔ་མ་ཚད་ བཟའ་ཁང་དག་པ་ཅིག་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཚོང་པ་ཕུ་མེ་གིས་འབད་བ་ཅིན་ ཚོང་ཉོ་མི་ ཞི་གཡོགཔ་དང་ ས་གནས་ཀྱི་ མི་དག་པ་རེ་ འོང་དོ་ཡོདཔ་ཨིན་རུང་ ལོ་གཅིག་བ་ ལོ་གཅིག་ ཚོང་ཉོ་མི་ མར་བབས་འགྱོཝ་མས་ཟེར་ཨིན་པས།
མོ་གིས་ ད་ལྟོ་ ཟླཝ་རེ་ནང་ དངུལ་ཀྲམ་༣,༠༠༠ དེ་ཅིག་ལས་མི་ཐོབ་པས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ དངུལ་ཀྲམ་༣,༠༠༠ པོ་དེ་ ཉིནམ་༡ ནང་ལུ་ར་ ཐོབ་ཚུགསཔ་ཨིན་ཟེར་ཨིན་པས།
ཚོད་བསྲེ་ཚོང་རྐྱབ་སྡོད་མི་ སྐྱེས་ལོ་༣༦ ལང་མི་ བག་ཊེ་ལུའི་ཊལ་གྱིས་ འབད་བ་ཅིན་ ཚོད་བསྲེ་ཚུ་ དུས་ཚོད་ཁར་ བཙོང་མ་ཚུགས་པའི་བསྒང་ལས་ རུལ་འགྱོ་མི་ལུ་བརྟེན་ སྒོ་ནོར་ལུ་བྱིན་དགོཔ་ཐོནམ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ བསམ་རྩེ་ལུ་ རེས་གཟའ་ཟླཝ་ལུ་ ཚོང་ཁྲོམ་སྒོ་ཕྱེ་མི་དང་ ཟླཝ་དག་པ་ཅིག་གི་ཧེ་མར་ འོད་གསལ་རྩེ་རྒེད་འོག་ནང་ ཁྲོམ་སྒོ་ཕྱེ་མི་ལུ་བརྟེན་ ཅེང་མ་རི་ཁྲོམ་ཁར་ ཚོང་མགྲོན་པ་ མར་བབས་སོ་ཡི་ཟེར་ཨིན་པས།
ཅེང་མ་རི་ལུ་ ཚོང་བཙུགས་སྡོད་མི་གིས་ བཤད་མི་དང་འཁྲིལཝ་ད་ ཚོང་དཔོན་ཚུ་གིས་ ཚོགས་པ་བཟོ་ཞིནམ་ལས་ རྒཔོ་ལུ་ འོད་ཟེར་རྩེ་རྒེད་འོག་གི་ཁྲོམ་དེ་ རེས་གཟའ་ཉི་མ་ལུ་མེན་པར་ དུས་ཚོད་གཞན་མི་ཅིག་ནང་ སྒོ་ཕྱེ་དགོཔ་སྦེ་ ཞུ་ཡིག་བཙུགས་ནི་ཟེར་ཨིན་པས།
ནོར་བུ་སྒང་གི་རྒཔོ་ ཀུན་དགའ་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོང་དཔོན་ཚུ་གིས་ རྒཔོ་ལུ་ ཞུ་ཡིག་མ་བཙུགས་ཚུན་ རྒེད་འོག་གི་ཁ་ཐུག་ལས་ འབད་ཐབས་ག་ཅི་ཡང་མིན་འདུག་ཟེར་ཨིནམ་ད་ ཞུ་ཡིག་བཙུགས་ཏེ་འབད་བ་ཅིན་ རྒཔོ་གིས་སྦེ་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ནང་ གྲོས་བསྡུར་འབད་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment