གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་རྒྱན་བཙུགས་མི་ཚུ་ལས་ ཉམས་མྱོང་ཅན་ལུ་ རྒྱབ་སྐྱོར་མེད་པའི་བསམ་ཞིབ།

༢༥/༤/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ན་གཞོན་ཅིག་ བཙག་འཐུ་གྲུབ་མི་དང་བསྟུན་ བཙག་འཐུ་དང་འབྲེལ་བའི་ འུར་བྱེལ་ཡང་ མཇུག་བསྡུ་ཡོད་རུང་ རྒྱལ་ཁ་ཐོབ་མི་དང་ ཕམ་མི་ཚུ་གི་ བསམ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཚོགས་སྡེའི་འཐུས་མི་བགྲེསཔ་ གནས་ཆུ་གིས་ བཙག་འཐུའི་གྲུབ་འབྲས་གུ་ མིང་རྟགས་བཀོད་ཐོག་ལས་ ཕམ་མི་ལུ་ ངོས་ལེན་འབད་བའི་བསྒང་།

དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ འདེམས་ངོ་༣ ཐོན་ཡོད་མི་ལས་ སྤྱིར་བཏང་མི་མང་གིས་ ས་གླིང་རྒེད་འོག་ལས་ སྐྱེས་ལོ་༤༧ ལང་མི་ ཚོགས་སྡེའི་འཐུས་མི་བགྲེསཔ་ གནས་ཆུ་དང་ ན་རང་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ སློབ་དཔོན་བགྲེསཔ་ ཚེ་རིང་དབང་ཆེན་༢ ཀྱི་བར་ན་ དོ་འགྲན་སྦོམ་འབྱུང་ནི་ཨིན་པའི་ སྔོན་བཤད་འབད་ཡོད་རུང་ ཁོང་གཉིས་ཆ་ར་ཕམ་སོཔ་ཨིན་པས།
མ་གཞི་ མི་མང་དང་ བརྡ་བརྒྱུད་ཀྱིས་ ཚོད་དཔག་འབད་དོ་བཟུམ་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ཉིན་མའི་ཆུ་ཚོད་༡ ལུ་ བཙག་ཐུ་འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ འདེམས་ངོ་༣ གྱི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་སྟེ་ ཕྱི་རུའི་ཆུ་ཚོད་༥ ལུ་ གྲུབ་འབྲས་གསལ་སྟོན་འབདཝ་ད་ འདེམས་ངོ་གནས་ཆུ་གིས་ ཚོགས་རྒྱན་༡,༤༠༦ ཐོབ་ཡོདཔ་ལས་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་ནི་ཨིན་པའི་ ཡིད་ཆེས་བྱུང་ཡོད་རུང་ འཕྲུལ་ཆས་ལག་ལེན་ཐོག་ ཚོགས་རྒྱན་བཙུགས་མི་ཚུ་གི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ད་ སྔ་ཚང་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་དབང་ཕྱུག་གིས་ རྒྱལ་ཁ་ཐོབ་ལས་ མང་ཤོས་ར་ ཧ་ལས་དགོཔ་བྱུང་ནུག།


སྤྱི་ལོ་༢༠༡༢ ལུ་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ བསོད་ནམས་ཕྱུག་གིས་ རྒེད་འོག་༡༧ གྱི་ ཚོགས་རྒྱན་ས་ཁོངས་༧༦ ནང་ མི་སེར་༡༠,༡༣༩ གིས་ ཚོགས་རྒྱན་བཙུགས་མི་ལས་༤,༢༤༧ དང་ འགྲེམ་ཐོག་ཚོགས་རྒྱན་༥༧༤ ཐོབ་སྟེ་ བསྐྱར་ཞིབ་ཚོགས་ཁང་གི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཅི།
དོ་འགྲན་པ་ གནས་ཆུ་གིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༣,༠༧༨ མ་གཏོགས་ ཐོབ་མ་ཚུགས་པའི་ཁར་ འདེམས་ངོ་ཚེ་རིང་དབང་ཆེན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༢,༨༡༤ དང་ འགྲེམ་ཐོག་ཚོགས་རྒྱན་༥༢༤ ལས་བརྒལ་ཐོབ་མ་ཚུགས།
འབྲས་སྤུངས་རྒེད་འོག་དེ་ ས་གླིང་རྒེད་འོག་གི་ ཉེ་འདབས་ལུ་ཨིན་རུང་ རྒེད་འོག་དེ་གི་ མི་སེར་༤༧༣ གྱིས་ ཚོགས་རྒྱན་བཙུགས་མི་ལས་ གནས་ཆུ་གིས་ ཚོགས་རྒྱན་༦༠ ཐོབ་མི་དེ་ ཉུང་ཤོས་ཅིག་ཨིན་པས།
འདེམས་ངོ་གནས་ཆུ་དང་ ཚེ་རིང་དབང་ཆེན་དེ་ ག་ཅི་སྦེ་ ཕམ་སོཔ་ཨིན་ན?
ཐེམ་ནང་སྦིས་ལས་ སྐྱེས་ལོ་༥༨ ལང་མི་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཁོ་གིས་ ལོ་ངོ་༥ གི་ཉམས་མྱོང་ཡོད་མི་ གནས་ཆུ་ལུ་ ཚོགས་རྒྱན་བཙུགས་ཡོད་རུང་ མི་སེར་གཞན་ཚུ་གི་ མནོ་ཐངས་དང་ གདམ་འཐུ་མ་འདྲཝ་ཡོདཔ་ལས་    ཚོགས་རྒྱན་མ་བཙུགས་མིའི་ རྒྱབ་ཁུངས་སྦོམ་ཡོདཔ་འོང་ཟེར་ཨིན་པས།
མོང་སྒར་གྱི་ ཚོང་པ་ལ་ལུ་ཅིག་གིས་འབད་བ་ཅིན་ གནས་ཆུ་ལུ་ ཚོགས་རྒྱན་མ་བཙུགས་མིའི་ རྒྱུ་རྐྱེན་ཅིག་ སྲིད་ཚོགས་ཅིག་དང་ འབྲེལ་བ་ཡོད་པའི་ དོགས་སྣང་ཡོད་ནི་དེ་གིས་ འོང་ནི་མས་ཟེར་ཨིནམ་ད་ ད་རེས་ནངས་པ་ མི་སེར་ཚུ་ སྲིད་དོན་གྱི་གནས་སྟངས་ལེགས་ཤོམ་སྦེ་ ཧ་གོ་ཡོདཔ་ལས་ སྲིད་དང་འབྲེལ་བ་མེད་པའི་ ཚོགས་སྡེའི་འཐུས་མི་ལ་ལུ་ཅིག་ སྲིད་ཚོགས་ག་ཅིག་ནང་ འབྲེལ་བ་ཡོདཔ་ཨིན་ན་ ཤེས་ཚུགས་པས་ཟེར་ཨིན་པས།
ལ་ལུ་ཅིག་གིས་ སླབ་མིའི་ནང་ གནས་ཆུ་ལུ་ རྒྱབ་སྐྱོར་མ་འབད་མི་དེ་ ལོ་༥ གི་ཧེ་མར་ ཁོ་ར་གིས་ ཁས་བླངས་འབད་མི་ཚུ་ གྲུབ་མ་ཚུགསཔ་ ཡང་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་ངོ་མ་ར་ ཁྲིམས་བཟོ་ཚུ་ བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་ཨིན་རུང་ གཞུང་གི་ལྡོག་ཕྱོགས་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ འོང་ཟེར་ཨིན་པས།
གནས་ཆུ་གིས་ སླབ་མིའི་ནང་ ཁོ་ལུ་ རྒྱབ་སྐྱོར་མ་འབད་མི་དེ་ཡང་ འདས་པའི་ལོ་༥ གི་རིང་ ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ མི་སེར་གྱི་ དགོས་མཁོ་དང་ རེ་འདོད་ཚུ་ གྲུབ་མ་ཚུགས་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་མས།
མི་སེར་ལ་ལུ་ཅིག་གིས་ ཁོ་ སྲིད་ཚོགས་ཅིག་ནང་ འབྲེལ་གཏོགས་འདུག་ཟེར་ ཁ་ཉེས་བཀལ་མིའི་ཐད་ལུ་ གནས་ཆུ་གིས་ དོགས་སེལ་འབད་མིའི་ནང་ ས་གླིང་ལུ་ ཁོ་གི་ ཨ་ཁུ་ཅིག་ སྲིད་དོན་ཚོགས་པ་ཅིག་གི་ རྒྱབ་སྐྱོར་བ་སྦེ་ ལཱ་འབད་མི་ལུ་བརྟེན་ ཁོ་ཡང་ སྲིད་ཚོགས་དེ་ནང་ འབྲེལ་བ་ཡོདཔ་སྦེ་ ཁ་ཉེས་བཀལ་མི་ ཐོན་ཡོདཔ་ཨིན་རུང་ ཁོ་ར་ སྲིད་དང་འབྲེལ་བ་ག་ནི་ཡང་མེད་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ནང་ གནད་དོན་ག་ཅིའི་ཐོག་ལས་འབད་རུང་ གདམ་ཁ་རྐྱབ་ནི་དང་ ཚོགས་རྒྱན་བསྐྱུར་ནི་གི་ དབང་ཚད་ཧྲིལ་བུ་ མི་སེར་ལུ་ཡོདཔ་ལས་ མི་མང་གིས་ གདམ་ཁ་གྲུབ་མི་ལུ་ གུས་ཞབས་དང་ ཡིད་ཆེས་སྦོམ་ཡོད་ཟེར་ བདུན་ཕྲག་དག་པ་ཅིག་ ངལ་གསོ་སྦེ་ སྡོད་ནི་གི་ ཐག་བཅད་མི་ གནས་ཆུ་གིས་ སླབ་ཨིན་པས།
གནས་ཆུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་གཉིས་པའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ འཐུས་མིའི་གནས་ཡུན་ལོ་༥ མ་ཚངམ་ལས་ དགོངས་ཞུ་འབད་མི་ལུ་བརྟེན་ དགོངས་ཞུའི་ཐོབ་ལམ་ དངུལ་ཀྲམ་འབུམ་༧ དེ་ཅིག་ བློས་བཏང་པའི་མཐའ་མར་ ལོག་བཙག་འཐུ་མ་གྲུབ་མི་དེ་ གྱོང་རྒུད་སྦོམ་ཅིག་ཨིན་པས།
དེ་ལས་ མི་མང་ཤོས་ཅིག་གིས་ འདེམས་ངོ་ཚེ་རིང་དབང་ཆེན་དེ་ བཙག་འཐུ་འགྲུབ་ནི་གི་ རེ་བ་བསྐྱེདཔ་ཨིན་རུང་ ལྟ་རྟོག་པ་ལ་ལུ་ཅིག་གིས་ ཁོ་ལུ་ མི་སེར་ལས་ རྒྱབ་སྐྱོར་མ་ཐོབ་མི་དེ་ཡང་ ཁོ་རའི་ཨ་པ་ལུ་བརྟེན་ཨིནམ་སྦེ་ སླབ་དོ་ཡོདཔ་ད་ ཚེ་རིང་དབང་ཆེན་གྱི་ ཨ་པ་དེ་ སྤྱི་ལོ་༢༠༠༥-༢༠༠༧ ལུ་ བློ་གྲོས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ མོང་སྒར་རྫོང་ཁག་གི་ མི་སེར་ལུ་ ཕན་ཐོགས་པའི་ ལྷན་ཐབས་སྦོམ་ཅིག་ འབད་འབདཝ་མེད་ནི་དེ་གིས་ འོང་ནི་མས་ཟེར་ གཅིག་གིས་ སླབ་ཨིན་པས།
མི་སེར་ཚུ་གིས་ རྒྱབ་སྐྱོར་མེད་པའི་ རྒྱབ་ཁུངས་འདྲ་མིན་སྣ་ཚོགས་བཤདཔ་ཨིན་རུང་ མོང་སྒར་ལུ་ ཚོད་བསྲེ་བཙོང་མི་ ཆ་གླིང་ལས་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ མོ་གིས་ ན་གཞོན་བསོད་ནམས་དབང་ཕྱུག་ལུ་ ཚོགས་རྒྱན་བཙུགས་མི་དེ་ གོ་སྐབས་དང་ ཉམས་མྱོང་འདྲ་མཉམ་འཐོབ་ནི་གི་དོན་ལུ་ཨིན་ཟེར་ཨིན་པས།
ཨིན་རུང་ མང་ཤོས་ཅིག་གིས་ སླབ་མིའི་ནང་ རྒྱང་མཐོང་ནང་ མི་མང་གི་ རྩོད་བསྡུར་སྐབས་ བསོད་ནམས་དབང་ཕྱུག་གིས་ ཁུངས་ཐུབ་ཅན་གྱི་ ལོ་རྒྱུས་དང་ གནད་དོན་ཚུ་ གསལ་བཤད་འབད་མི་དེ་གིས་ ཁོ་ ན་གཞོན་ཨིན་རུང་ ལྕོགས་གྲུབ་ཡོད་པའི་ ཡིད་ཆེས་འདྲོངས་མི་ལུ་བརྟེན་ རྒྱབ་སྐྱོར་འབདཝ་བཞི་དུ་ བཙག་འཐུ་གྲུབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment