གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེའི་འདེམས་ངོ་གིས་ རེ་འདོད་དང་འཁྲིལ་ རྒྱལ་ཁ་ཐོབ་ཡོདཔ།

༢༤/༤/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བཙག་འཐུ་འབད་མི་དང་འབྲེལ་ བསམ་རྩེ་རྫོང་ཁག་ལས་ བསྟན་འབྲུ་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༤༥ འབད་མི་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བསྡོམས་༩,༩༠༧ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཨྱོན་རྩེ་རྒེད་འོག་ལྟེ་བའི་སྒོ་ར་ལུ་ སྒུག་སྡོད་པའི་བསྒང་།


ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༩,༡༤༤ དང་ འགྲེམ་ཐོག་ཚོགས་རྒྱན་༧༦༣ ཐོབ་ཡོདཔ་ཨིན་པས།
བཙག་འཐུའི་ཉིནམ་དེ་ཁར་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༡,༥༩༦ ཡོད་ས་ལས་༡༩,༠༡༠ གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༢ ཀྱིས་ ལྕོགས་གྲུབ་ཅན་གྱི་འདེམས་ངོ་ཨིན་པའི་ངོས་འཛིན་ལུ་སྦེ་ སངས་རྒྱས་མཁའ་འགྲོ་ལུ་ ཚོགས་རྒྱན་བཙུགས་ནུག།
ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ལས་ ཚོགས་རྒྱན་གྱི་ཉིན་མར་ བརྒྱ་༤༦ དེ་ཅིག་གིས་མ་གཏོགས་ ཚོགས་རྒྱན་བཙུགས་པར་ མ་འོང་པས།
སངས་རྒྱས་མཁའ་འགྲོའི་འོག་ལས་ར་ པདྨ་གླིང་རྒེད་འོག་གི་འདེམས་ངོ་ ཌི་ཀེ་ ག་ལས་ཀྱིས་ ཚོགས་རྒྱན་༤,༥༩༥ ཐོབ་ས་ལས་ འཕྲུལ་ཆས་ཚོགས་རྒྱན་༤,༣༦༠ དང་ འགྲེམ་ཐོག་ཚོགས་རྒྱན་༢༣༥ ཐོབ་ནུག།
འདེམས་ངོ་ཚུ་གི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ བསམ་རྩེ་ཁྲོམ་གྱི་འདེམས་ངོ་ སྐྱེས་ལོ་༣༡ ལང་མི་ ཁྱུང་བདུད་ཚེ་རིང་གིས་ འཕྲུལ་ཆས་ ཚོགས་རྒྱན་༡,༧༨༦ དང་ འགྲེམ་ཐོག་ཚོགས་རྒྱན་༡༥༨ འབདཝ་ད་ བསྡོམས་ཀྱིས་ ཚོགས་རྒྱན་༡,༩༤༤ ཐོབ་ཅི།
རྡོ་ཕུག་ཅན་རྒེད་འོག་ནང་ རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོདཔ་ཨིན་རུང་ ཆ་ཏ་ར་པ་ཏི་ ཕུ་ཡེལ་གྱིས་ འགྲེམ་ཐོག་ཚོགས་རྒྱན་༦༩ རྩིས་ཏེ་ ཡོངས་བསྡོམས་ཚོགས་རྒྱན་༡,༣༦༣ ལས་བརྒལ་ ཐོབ་མ་ཚུགས་པས།
བསམ་རྩེ་རྒེད་འོག་གི་འདེམས་ངོ་ ག་ནེཤི་ གི་མེ་རི་གིས་ ཚོགས་རྒྱན་༩༡༢ དང་ དན་ཅུ་ཁའི་འདེམས་ངོ་ ཁ་ར་ ནན་ད་ དྷ་ཀཱལ་གྱིས་ ཚོགས་རྒྱན་༩༠༦ དེ་ལས་ འོད་གསལ་རྩེའི་འདེམས་ངོ་ ན་ར་ཡཱན་ ད་ཧཱལ་གྱིས་ ཚོགས་རྒྱན་༧༧༥ ཐོབ་མི་དེ་ དམའ་ཤོས་ཅིག་ཨིན་པས།
ཁ་ཙ་ ང་བཅས་ཀྱིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འོང་མི་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ལ་ལུ་ཅིག་གིས་ འདེམས་ངོ་ག་དེམ་ཅིག་ ཡོདཔ་ཨིན་ན་ཡང་ མ་ཤེས་རུང་ ཚོགས་རྒྱན་དེ་ སངས་རྒྱས་མཁའ་འགྲོ་ལུ་ར་ བཙུགས་ནི་ཟེར་ སླབ་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ འདེམས་ངོ་དེ་ རྫོང་ཁ་ལེགས་ཤོམ་སྦེ་ ཤེས་མི་ཅིག་ར་ བཙག་འཐུ་འབད་དགོཔ་འོང་ཟེར་ སླབ་མ་ཚད་ འདེམས་ངོ་ལ་ལུ་ཅིག་གིས་ རྩོད་བསྡུར་ལས་རིམ་སྐབས་ རྫོང་ཁའི་ཡི་གུ་ཚུ་ཡང་ ལེགས་ཤོམ་སྦེ་ ལྷག་མ་ཤེསཔ་སྦེ་ མཐོང་གསལ་བྱུང་ཡོད་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་  ཁོ་གིས་ རྒྱལ་ཁ་འཐོབ་ནི་དེ་ ངེས་བདེན་ཨིནམ་ཤེས་ཏེ་ བཙག་འཐུའི་སྐབས་ ཚ་གྱང་ཡང་མ་ལང་པར་ ཁོ་རའི་ཁྱིམ་ནང་ར་ སྡོད་ཅི་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁ་ཐོབ་མི་དེ་ ཁོ་གི་དོན་ལུ་ དཔའ་ཉམས་བསྐྱེད་དགོ་པའི་ དུས་ཚོད་ཅིག་ མེན་ཟེར་ཨིན་པས།
གལ་སྲིད་ག་དེམ་ཅིག་སྦེ་ ལོ་༥ འི་རིང་ ཁོ་གིས་ ཕྱག་ཞུ་བའི་ཤུལ་ལུ་ མི་སེར་ཚུ་གིས་ ཁོ་ལུ་ ངལ་རངས་བྱུང་པ་ཅིན་རྐྱངམ་གཅིག་ དཔའ་ཉམས་བསྐྱེད་ནིའི་ དུས་ཚོད་ཨིན་ཟེར་ཨིན་པས།
ཉིན་གྲངས་༡༠ གྱི་རིང་  བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ མ་ཐོནམ་མའདྲཝ་ཅིག་འབད་བ་ཅིན་ རྒེད་འོག་རེ་རེ་བཞིན་དུའི་ནང་སོང་སྟེ་ མི་སེར་ཚུ་ལུ་ དགའ་ཚོར་བསྐྱེད་ནི་དང་ ཁོ་གིས་ མི་སེར་ལུ་ ག་དེ་སྦེ་ར་ ཕྱག་ཞུ་དགོཔ་ ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་ཡང་ འབད་ནི་ཨིན་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ རྒེད་འོག་༡༥ དང་ ཚོགས་རྒྱན་ས་ཁོངས་༦༩ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment