གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨར་རྐུན་འབད་མི་ན་གཞོན་༢ ལུ་ ཉེས་ཁྲིམས་ཟླཝ་༡ ལས་ ལོ་༡ ཚུན་བཀལ་ཡོདཔ།

༢༣/༤/༢༠༡༣   ༉ སྐྱེས་ལོ་༡༦ ལང་མི་ ན་གཞོན་སློབ་ཕྲུག་བུཚ་ཅིག་དང་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་༢ ཀྱིས་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ སྤ་རོ་ ཤར་རི་རྒེད་འོག་ དམ་སྦྱིས་གཡུས་ཚན་ནང་ སངས་རྒྱས་དབང་མོའི་ ཁྱིམ་ནང་ལས་ ཨར་རྐུན་དང་ འཕྲོག་བཅོམ་ དེ་ལས་ རྒྱུད་བསྐུལ་འབད་མི་ལུ་བརྟེན་ ཉེས་ཁྲིམས་ཟླཝ་༡ ལས་ལོ་༡ ཚུན་ བཀལ་ཡོདཔ་ཨིན་པས། 


དེ་ཡང་ རྩོད་ཟླ་ལྷུན་གྲུབ་རྡོ་རྗེ་གིས་ ཉམས་རྒུད་པ་ སངས་རྒྱས་དབང་མོའི་ ཁྱིམ་གྱི་སྒོ་སྒྲིག་ཤེལ་ བཅག་དཀྲུམས་བཏང་ཞིནམ་ལས་ ཁྱིམ་ནང་འཛུལ་ཏེ་ ལྕགས་སྒྲོམ་ཅིག་ནང་ལས་ དངུལ་ཀྲམ་༡,༧༥༠ དང་ ཅ་རྙིང་འགངས་ཅན་ དེ་ལས་ རྒྱན་ཆ་ཚུ་འབདཝ་ད་ དངུལ་ཀྲམ་༩༡,༡༠༠ དེ་ཅིག་གནས་པའི་ རྒྱུ་དངོས་ཚུ་ ཨར་རྐུན་འབད་ཡོདཔ་ཨིན་པས།
ལྷུན་གྲུབ་རྡོ་རྗེ་གིས་ ཨར་རྐུན་འབད་བའི་སྐབས་ སྐྱེས་ལོ་༡༢ ལང་མི་ མཁའ་འགྲོ་དབང་མོ་གིས་ ཉམས་རྒུད་པའི་རྨགཔ་ དགའ་ལེགས་དང་གཅིག་ཁར་ བློ་སླབ་ཞིནམ་ལས་ སེམས་ཡེངས་བཅུག་སྟེ་ བཞག་ནི་དེ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལྟར་ མཁའ་འགྲོ་དབང་མོ་གིས་ ཨར་རྐུན་འབད་བཅུག་ནིའི་དོན་ལས་ རྩོད་ཟླ་ལྷུན་གྲུབ་རྡོ་རྗེ་ལུ་ གྲོགས་རམ་འབད་ནུག་ཟེར་ སྤ་རོ་རྫོང་ཁག་གི་ ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ལྷུན་གྲུབ་རྡོ་རྗེ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལས་འགལ་ནི་དེ་གིས་ ཉེས་ཁྲིམས་ལོ་༡ བཀལ་ཡོད་རུང་ ཟླཝ་༢ དང་ཞག་༡ དོ་དམ་འོག་ལུ་ སྡོད་ཡོདཔ་ལས་ ཟླཝ་༧ དང་ཞག་གྲངས་༢༩ གི་རྩིས་ བཙོན་ནང་སྡོད་དགོཔ་ཨིནམ་ད་ ཨིན་རུང་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ཁྲིམས་འཐུས་དངུལ་ཀྲམ་༢༣,༩༠༠ བཏབ་སྟེ་ འགྱོ་ཆོག་ནི་ཨིན་པས།
དེ་བཟུམ་སྦེ་ མཁའ་འགྲོ་དབང་མོ་ལུ་ ཉེས་ཁྲིམས་ལྷུན་གྲུབ་རྡོ་རྗེ་གི་ ཕྱེད་ཀ་ཟླཝ་༦ སྨིན་དགོཔ་ཨིན་རུང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་འབད་མི་ ན་གཞོན་ཅིག་འབདཝ་ལས་ ཉེས་ཁྲིམས་ཟླཝ་༣ བཀལ་ཡོདཔ་ད་ མོ་ར་ དོ་དམ་འོག་ལུ་ ཟླཝ་༡ དང་ཞག་གྲངས་༢༦ སྡོད་ཡོདཔ་ལས་ ལྷག་ལུས་ཟླཝ་༡ དང་ ཞག་གྲངས་༤ གི་ ཁྲིམས་འཐུས་བཏབ་སྟེ་ འགྱོ་ཆོགཔ་ཨིན་པས།
ཉམས་རྒུད་པ་ སངས་རྒྱས་དབང་མོའི་ ཁྱིམ་གྱི་སྒོ་སྒྲིག་ཤེལ་བཅག་དཀྲུམས་བཏང་མིའི་ཐད་ ཁྲིམས་ཀྱི་འདུན་སར་ རྒུད་འཐུས་མི་དགོ་ཟེར་ ཞུ་ཡོད་རུང་ རྩོད་ཟླ་ལྷུན་གྲུབ་རྡོ་རྗེ་གིས་ ཨར་རྐུན་འབད་མི་ ཅ་ཆས་ཚུ་ སྟོན་ཐོག་ལས་ ལོག་ཁྲིམས་འདུན་བརྒྱུད་དེ་ ཉམས་རྒུད་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment