གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་ འགྲེམ་ཐོག་ཚོགས་རྒྱན་༢,༣༦༨ ངོས་ལེན་གྲུབ་ཡོདཔ།

༢༣/༤/༢༠༡༣  ༉ ད་རིས་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་༢༠ བཙག་འཐུ་འབད་ནི་ཨིནམ་བཞིན་དུ་ མོང་སྒར་རྫོང་ཁག་གི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་མིའི་ ཡིག་ཤུབས་ཁ་པ་ཚུ་ ཉིན་མའི་ཆུ་ཚོད་༡ ལས་ ཁ་ཕྱེ་སྟེ་ གྱངས་ཁ་རྐྱབ་ནི་ འགོ་བཙུགས་ནི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ བཤད་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཕྱི་རུའི་ཆུ་ཚོད་༥ གི་ཧེ་མར་ གྱངས་ཁ་རྐྱབ་ཚར་ནི་ཨིན་པས།


དེ་ཡང་ རྫོང་ཁག་གི་ ཚོགས་སྡེའི་འདེམས་ངོ་གནས་ཆུ་དང་ བསོད་ནམས་དབང་ཕྱུག་ ཚེ་རིང་དབང་ཆེན་༣ གྱི་དོན་ལུ་ ངོས་ལེན་གྲུབ་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་མི་ ཡོངས་བསྡོམས་༢,༣༦༨ ཡོད་ཟེར་ བཙག་འཐུ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༢,༧༢༤ འབྱོར་མི་ལས་༣༥༦ ཆ་མེད་སོང་ཡོད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་ནང་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་གྱི་ ཨང་གསལ་བཀོད་མ་འབད་མི་དང་ ཨང་གྲངས་འཛོལ་ཏེ་བཀང་ཡོདཔ་ དབང་ནུས་ལྡན་པའི་དཔང་པོ་མེད་པའི་ཁར་ དཔང་པོ་གསལ་བཀོད་འབད་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་མ་ཚུད་མི་ དེ་ལས་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེད་མི་ལུ་བརྟེན་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་༣༥༦ ཆ་མེད་སོང་མི་ལས་ མཐོ་ཤོས་ར་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེད་མི་༡༩༢ དང་ དེ་གི་ཤུལ་ལས་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་གྱི་ ཨང་མ་བཀོད་པར་ སྟོངམ་བཞག་བཞགཔ་༤༨ དེ་ལས་ ངོས་འཛིན་འདྲ་པར་གྱི་ ཨང་འཛོལ་ཏེ་བཀོད་བཀོདཔ་༣༨ དབང་ནུས་ལྡན་པའི་ དཔང་པོ་མེད་མི་༥ དང་ བཙག་འཐུའི་ཐོ་ཡིག་ནང་མ་ཚུད་མི་ཚུ་ དབང་ནུས་ལྡན་པའི་དཔང་པོ་སྦེ་བཙུགས་བཙུགསཔ་༤༨ གསང་བའི་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ ཡིག་ཤུབས་ཚུ་ལུ་ ཐིའུ་ཚུལ་ལྡན་མ་རྐྱབ་མི་༢༥ ཆ་མེད་བཏང་ཡི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བསྐྱུར་ནིའི་དོན་ལུ་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་བསྡོམས་༣,༡༣༧ གྱིས་ ཐོ་བཀོད་འབད་ཡོད་རུང་༢,༧༢༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ལས་༤༡༣ གྱིས་ འབྲེལ་ཡོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཕྱིས་ཏེ་ བསྐྱལ་ཡོདཔ་ཨིན་ན་ ཡང་ཅིན་ མ་བསྐྱལ་བར་ བཞག་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་ ཨམ་སྲུ་༡༥,༦༦༣ དང་ ཕོ་སྐྱེས་༡༤,༦༡༡ འབདཝ་ད་ བསྡོམས་༣༠,༢༧༤ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment