གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་ཚུ་ བཙག་འཐུའི་སྒྲིག་གཡོག་རྒྱུག་དགོ་མི་ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་ཡོདཔ།

༢༢/༤/༢༠༡༣  ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ད་རེས་ནངས་པ་ སློབ་གྲྭའི་ཨ་ལུ་ཚུ་ཡང་ བདུན་ཕྲག་ལས་བཅད་དེ་ ངལ་གསོ་བཏང་དགོཔ་བྱུང་ཡོདཔ་ད་ དེ་ཡང་ སློབ་གྲྭའི་སློབ་དཔོན་ཚུ་ བཙག་འཐུ་ཚུ་ནང་ བཅའ་མར་གཏོགས་དགོ་ནི་དེ་གིས་ཨིན་པས།


དེ་ཡང་ མོང་སྒར་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༧༦ ཡོད་མི་ཚུ་ནང་ སློབ་དཔོན་༨༠ ལྷགཔ་ཅིག་གིས་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་དགོཔ་ཐོན་མི་ལུ་བརྟེན་ཨིནམ་ད་ སློབ་ཕྲུག་ཚུ་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ ངལ་གསོ་བཏང་ཡོདཔ་བཞིན་དུ་ སྤྱི་ཚེས་༢༤ ལུ་ ལོག་འཛོམས་ནི་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོང་སྒར་རྫོང་ཁག་ནང་ སློབ་ཕྲུག་ཚུ་ ངལ་གསོ་བཏང་དགོཔ་ཐོན་མི་དེ་ཡང་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་ ལེགས་ཤོམ་འགྱོ་དགོ་པ་ཅིན་ བཙག་འཐུའི་སྒྲིག་གཡོག་ཚུ་ སྒྲིང་སྒྲིང་འགོ་འདྲེན་འཐབ་དགོཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
རྫོང་ཁག་དེ་ནང་ སློབ་གྲྭ་༥༨ དེ་ཅིག་ཡོདཔ་ད་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་དེ་ ལེགས་ཤོམ་འགྱོ་དགོ་པ་ཅིན་ བཙག་འཐུ་ཚུ་ སྒྲིང་སྒྲིང་སྦེ་ འགོ་འདྲེན་འཐབ་དགོཔ་ལས་ ཉིན་གྲངས་དག་པ་ཅིག་ སློབ་ཕྲུག་ཚུ་དང་གཅིག་ཁར་ སྡོད་མ་ཚུགས་མི་དེ་གིས་ ཆོས་ཚན་མཇུག་བསྡུ་མ་ཚུགས་པའི་ དཀའ་ངལ་མི་འཐོན་ཟེར་ཨིན་པས།
ཨིན་རུང་ ལྷུན་རྩེ་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ སློབ་ཕྲུག་ཚུ་ ངལ་གསོ་མ་བཞག་མི་དེ་ཡང་ སློབ་གྲྭ་གཅིག་ལས་ སློབ་དཔོན་ཆ་མཉམ་གྱིས་ བཅའ་མར་མ་གཏོགས་ནི་དེ་གིས་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ བཀྲིས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་ སློབ་གྲྭ་ཚུ་ ངལ་གསོ་མ་བཞག་མི་དེ་ཡང་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སློབ་དཔོན་ཚུ་ བགོ་བཤའ་རྐྱབ་སྟེ་བཏང་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ད་རེས་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་མི་ཚུ་ ཤུལ་མའི་བཙག་འཐུ་སྐབས་ སློབ་གྲྭ་ནང་སྡོད་དགོཔ་སྦེ་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༣༧ ཡོད་མི་ཚུ་ནང་ བཙག་འཐུའི་སྒྲིག་གཡོག་ནང་ བཅའ་མར་གཏོགས་མི་ སློབ་དཔོན་༡༡༢ དེ་ཅིག་ཡོདཔ་ད་ སྒྲིག་གཡོག་ནང་ དབུ་འཛིན་གྱིས་གཙོས་པའི་ སློབ་ཕྲུག་བུཚ་དང་བུམོ་ དེ་ལས་ ལྟ་རྟོག་པ་དག་པ་ཅིག་ལས་ མེད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ སྒྲིག་གཡོག་ནང་བཅའ་མར་གཏོགས་མི་ ཞི་གཡོགཔ་༢༠༠ ལྷགཔ་ཅིག་ཡོདཔ་ད་ མོང་སྒར་རྫོང་ཁག་ནང་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་༧༦ ཡོད་མི་ཚུ་ནང་ སྒྲིག་གཡོག་ནང་བཅའ་མར་གཏོགས་མི་ ཞི་གཡོགཔ་༣༨༥ དང་ ཁྲིམས་སྲུང་འགག་པ་༢༦༧ ཡོདཔ་ཨིན་པས།
བཙག་འཐུའི་དོན་ལུ་འགྱོ་མི་ སྒྲིག་གཡོགཔ་ཚུ་ རང་སོའི་ས་ཁོངས་ནང་ ཁ་ཙ་ལས་ ལྷོད་དེ་ཡོདཔ་ལས་ ནངས་པ་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment