གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀེ་བའི་ཐོན་སྐྱེད་ལེགས་ཤོམ་ཡོད་རུང་ འཁོར་ལམ་མེད་པའི་དཀའ་ངལ།

༢༣/༤/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དུས་ཚོད་འ་ནེམ་གཅིག་ཁར་ ཞིང་ཚུ་ནང་ དངུལ་ཐོག་ཚོད་བསྲེ་ཀེ་བ་ཚུ་ ཧོ་ལྡེམ་ལྡེམ་སྦེ་ མཐོང་གསལ་ཡོད་པའི་ཁར་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ གཞམ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གིས་འབད་རུང་ ཀེ་བའི་ལཱ་ལུ་ ཤུགས་བཏོན་ཡོད་པའི་ ལཱ་གི་གྲུབ་འབྲས་དེ་ ཞིང་ཁ་ལུ་ལྟ་བ་ཅིན་ ཤེས་ཚུགས་དོ་ཡོདཔ་ཨིན་པས།
གཞམ་གླིང་གཡུས་ཚན་ནང་ ཀེ་བ་ལེགས་པའི་མཐོང་སྣང་།


གཞམ་གླིང་གཡུས་ཚན་དེ་ ས་ཁ་མཐོ་ས་ཡོདཔ་ལས་བརྟེན་ གཡུས་དེ་ནང་གི་ མི་སེར་ཚུ་གིས་ ཀེ་བ་དེ་ དངུལ་ཐོག་ཚུ་གི་གྲས་ལས་ གཙོ་བོ་ཅིག་ཨིནམ་ད་ ཀེ་བ་འཛུགས་སྐྱོང་འབད་མི་གིས་ ལོ་བསྟར་བཞིན་དུ་ དངུལ་གྱི་འོང་འབབ་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་དོ་ཡོདཔ་ལས་ ཀེ་བའི་ལཱ་འབད་ནི་ལུ་ འཚེར་སྣང་ག་ནི་ཡང་མེདཔ་ཨིན་པས།
མི་སེར་ཚུ་གིས་བསམ་འཆར་ལས་འབད་བ་ཅིན་ ཁོང་རའི་གཡུས་ཚན་གྱི་སྦུག་ལས་ཕར་ འཁོར་ལམ་ཅིག་ཡོད་པ་ཅིན་ ཀེ་བ་ལུ་བརྟེན་ ཧེང་སྐལ་ར་ དངུལ་གྱི་འོང་འབབ་བཟོ་ཚུགས་པའི་རེ་བ་བསྐྱེད་མི་དེ་ཡང་ ད་རེས་ནངས་པ་ སྣུམ་འཁོར་གྱི་ལམ་དེ་ གཡུས་ཚན་གྱི་ལྟག་ལས་ཕར་ཡོདཔ་ལས་ གཡུས་ཚན་དེ་ནང་ ཀེ་བའི་ཐོན་ཁུངས་ག་དེ་ཅིག་ལེགས་རུང་ འཁོར་ལམ་ཚུན་ མི་དང་རྟ་གིས་ འབག་སྟེ་བཀལ་དགོཔ་ལས་བརྟེན་ བྱ་སྟབས་མི་བདེ་བས་ཟེར་ཨིན་པས།
གཞམ་གླིང་གཡུས་ཚན་ལས་ སྐྱེས་ལོ་༣༦ ལང་མི་ ཚེ་བརྟན་འགྱུར་མེད་ཀྱིས་ ལོ་བསྟར་བཞིན་དུ་ ས་ཞིང་གླང་དོ་༤ དེ་ཅིག་ནང་ ཀེ་བ་འཛུགས་སྐྱོང་འབད་ཐོག་ལས་ ནང་མི་བཟའ་ཚང་འཚོ་སྐྱོང་འཐབ་དོ་ཡོད་པའི་ཁར་ ཁོ་རའི་ཨ་ལུ་༢ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ ཟད་འགྲོའི་དཀའ་ངལ་ཡང་བསལ་ཚུགས་དོ་ཡོདཔ་ལས་ ད་ལྟོ་ཚུན་ ཁོ་གིས་ ཀེ་བའི་ལཱ་དེ་ལུ་ ཤུགས་བཏོན་ཏེ་ར་ འབད་དོ་ཟེར་ཨིན་པས།
ཁོ་གིས་ ཀེ་བའི་ལཱ་ལུ་བརྟེན་ ལོ་བསྟར་འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ ཐོབ་ཚུགས་པས་ཟེར་ཨིནམ་ད་ ཀེ་བ་ལུ་བརྟེན་ དངུལ་གྱི་འོང་འབབ་ཉུང་ཤོས་ དངུལ་ཀྲམ་༦༠,༠༠༠ དེ་རེ་བཟོ་ཚུགས་དོ་ཡོདཔ་ད་ ཁོ་གིས་ ཀེ་བ་ཚུ་ གཡུས་ཁ་ལུ་ བཙོང་དོ་ཡོདཔ་མ་ཚད་ བསམ་གྲུབ་ལྗོངས་མཁར་ལུ་ཡང་ བཙོང་པར་འགྱོཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་གཡུས་ཚན་གྱི་ལྟག་ལས་ཕར་ འཁོར་ལམ་ཡོད་རུང་ གཞུང་གི་ཁ་ཐུག་ལས་ མི་སེར་གྱི་ཕན་ཐབས་ལུ་གཟིགས་ཏེ་ འཁོར་ལམ་ཅིག་གཡུས་ཚན་ནང་བཏོན་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༣༨ ལང་མི་ སངས་རྒྱས་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཁོ་གིས་ཡང་ ལོ་བསྟར་བཞིན་དུ་ ཀེ་བའི་ལཱ་འབད་དེ་ དངུལ་གྱི་འོང་འབབ་བཟོ་ནི་ལུ་ རྩ་འགེངསམ་ཨིན་ཟེར་ཨིན་པས།
ཁོ་གིས་ ལོ་བསྟར་བཞིན་དུ་ ས་ཞིང་གླང་དོ་༢ དེ་རེ་ནང་ ཀེ་བ་བཙུགས་མི་གིས་ འོང་འབབ་དངུལ་ཀྲམ་༥༠,༠༠༠ ལས་ དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་ཚུགསཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཀེ་བའི་ཐོན་སྐྱེད་དེ་ གནམ་མེད་ས་མེད་ ལེགས་ཤོམ་ཡོདཔ་ལས་ གཞུང་གིས་འབད་རུང་ མི་སེར་གྱི་དཀའ་སྡུག་སེལ་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
ཀེ་བ་ཚུ་བཙོང་པར་ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཊག་ནང་འབག་འགྱོ་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ གཡུས་ཚན་ནང་ལས་ཉོ་སྟེ་ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་པར་འབག་འགྱོ་མི་ཚུ་ལུ་ བཙོང་དོ་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ལོ་ཐོག་ཚུ་ག་ཅི་བཏབ་རུང་ འཚོ་བཏུབ་པའི་ཁར་ ལྷག་པར་དུ་ཡང་ ཀེ་བའི་ཐོན་སྐྱེད་དེ་ ལེགས་ཤོམ་འོང་དོ་ཡོདཔ་ལས་ མ་འོངས་པ་ལུ་ འཁོར་ལམ་ཅིག་དགོཔ་ ཁག་ཆེཝ་ཐོན་སྟེ་ཡོད་ ཟེར་ཨིན་པས།
ཨ་ལུ་༢ ཀྱི་ཨའི་ བདེ་སྐྱིད་ཀྱིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༠ ལྷགཔ་ཅིག་ཡོདཔ་ད་ མི་སེར་ཚུ་གིས་འབད་རུང་ ཀེ་བའི་ལཱ་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
གཞམ་གླིང་གཡུས་ཚན་དེ་ ཀུར་སྟོད་དུང་དཀར་གཡུས་ཚན་ནང་ལྷོད་ནི་ལུ་ ཀི་ལོ་མི་ཊར་༡༣ དེ་ཅིག་གི་ ས་གནས་ཁར་ཡོདཔ་ད་ གཡུས་ཚན་དེ་ ནགས་ཚལ་གྱིས་སྐོར་ཏེ་ཡོད་རུང་ ཀེ་བའི་ཐོན་སྐྱེད་ལུ་ ད་ལྟོ་ཚུན་ རི་དྭགས་སེམས་ཅན་ ཀ་ཤ་དང་ བྱི་ཐུར་གྱིས་ དུམ་གྲ་རེ་ གནོད་པ་བཀལཝ་མ་གཏོགས་ རི་ཕགཔ་གིས་ གནོད་པ་བཀལ་ནི་མེདཔ་ལས་ ཐོན་སྐྱེད་ལེགས་ཤོམ་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment