གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཀྲམ་འབུམ་༡༧ ལྷགཔ་ཅིག་གནས་པའི་ཅ་ཆས་ཚུ་ མེ་གིས་འཚིགས་ཡོདཔ།

༢༧/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ཕྱི་རུའི་ཆུ་ཚོད་༤:༤༦ དེ་ཅིག་ཁར་ ཐིམ་ཕུ་བར་སྦི་ས་ སྔ་སྦིས་རོང་ཆུའི་ ཉེ་འདབས་ལུ་ བསོད་ནམས་ཁང་ཆས་བཟོ་གྲྭ་འཕྲུལ་ཁང་དང་ སྦ་སྒོར་ དེ་ལས་ ཚོང་ཁང་ཚུ་ མེ་གིས་འཚིགས་མིའི་ནང་ དངུལ་ཀྲམ་འབུམ་༡༧ ལྷགཔ་ཅིག་གནས་པའི་ཅ་ཆས་ཚུ་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ ས་གནས་ཀྱི་མི་ཚུ་གིས་ མེ་བསད་པའི་བསྒང་།


གལ་སྲིད་ ཁྲིམས་སྲུང་འགག་པའི་ མེ་བསད་སྡེ་ཚན་གྱི་ སྣུམ་འཁོར་ཚུ་ དུས་ཚོད་ཁར་མ་ལྷོད་པ་ཅིན་ མེ་རྐྱེན་བྱུང་སའི་ ཉེ་འདབས་ལུ་ཡོད་པའི་ ཁང་ཆས་བཟོ་གྲྭ་འཕྲུལ་ཁང་དང་ ཚོང་ཁང་ ཤིང་དུམ་ ཤིང་བཏོག་ནིའི་འཕྲུལ་ཆས་ ལཱ་འབད་མིའི་སྦ་སྒོར་ཚུ་རྩིས་ཏེ་ ཡོངས་བསྡོམས་དངུལ་ཀྲམ་འབུམ་༤༠ ལྷག་པའི་ ཅས་ཆས་ཚུ་ མེ་གིས་འཚིགས་དཔ་འོང་ཟེར་ མེ་བསད་སྡེ་ཚན་གྱིས་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཁྲིམས་སྲུང་མེ་བསད་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མེ་རྐྱེན་དེ་ གློག་མེའི་ཐགཔ་དང་ གློག་རྒྱུན་ཚུ་ལུ་བརྟེན་མེན་པར་ སྦ་སྒོར་༢ ཀྱི་མཐའ་མར་ ད་རེས་ནངས་པ་ མེ་འཕུ་བཞག་མི་ལས་ བྱུང་ཡོདཔ་བཟུམ་ཅིག་ མཐོང་ཡི་ཟེར་ཨིན་པས།
དེ་ཡང་ མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ བསོད་ནམས་ཁང་ཆས་འཕྲུལ་ཆས་ཀྱི་ ཉེ་འདབས་ལུ་ཡོད་པའི་ ལས་མི་ཚུ་སྡོད་སའི་ སྦ་སྒོར་གྱི་ ཟུར་ཁར་ལས་ དུ་པ་ཐོན་སར་མཐོངམ་མ་ཚད་ དེ་གི་ཧེ་མར་ མི་ཚུ་ མེ་བསྲོ་སྟེ་སྡོད་སར་ མཐོང་ཡི་ཟེར་ ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ མེ་རྐྱེན་བྱུང་ཡོད་པའི་སྐོར་ལས་ སྙན་ཞུ་དེ་ ཕྱི་རུའི་ཆུ་ཚོད་༤:༤༦ ལུ་ལྷོདཔ་ཅིག་ སྣུམ་འཁོར་ཚུ་བཏང་ཡོདཔ་ད་ མེ་བསད་སྣུམ་འཁོར་ཚུ་གིས་ དུས་ཡུན་ཆུ་ཚོད་༡ ལུ་ མེ་བསད་ཚུགས་ཡོད་རུང་ དུམ་དྲ་རེ་བསད་མ་ཚུགས་མི་ཚུ་ཡང་ བསད་དེ་ ལྕགས་ཤོག་ཚུ་ མེ་གིས་འཚིགས་ནི་ལས་ བཀག་སྲུང་འབད་ཚུགས་ཅི་ཟེར་ཨིན་པས།
བསོད་ནམས་ཁང་ཆས་འཕྲུལ་ཁང་དེ་ ཟླཝ་༤ གི་ཧེ་མར་ པདྨ་དགའ་ཚལ་ལས་ཨིན་མི་ ཨྱོན་དབང་འདུས་ཀྱིས་ གཞན་མི་ལས་ དངུལ་ཀྲམ་འབུམ་༧ ལྷགཔ་ཅིག་སྤྲོད་དེ་ མཁོ་སྒྲུབ་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁང་ཆས་འཕྲུལ་ཁང་ ཆེ་འབྲིང་ཆུང་༣ དང་ མཁོ་མངགས་འབད་མི་ཁང་ཆས་ཚུ་ བཟོ་སྐྲུན་འབད་ཚར་མི་ དེ་ལས་ ཁང་ཆས་མ་འདྲཝ་བཟོ་ནིའི་དོན་ལུ་ ཤིང་ཆས་འདྲ་མིན་སྣ་ཚོགས་བཟོ་ནི་ཡོད་མི་ཚུ་ག་ར་ མེ་གིས་འཚིགས་ཏེ་ཡོད་ཟེར་ཨིན་པས།
དངུལ་ཀྲམ་འབུམ་༡༥ ལྷགཔ་ཅིག་གནས་པའི་འཕྲུལ་ཆས་དང་ ཅ་ཆས་ ཡིག་ཚང་གི་ ཅ་ཆས་ འབྱོར་རྟགས་ ཐོ་དེབ་ དེ་ལས་ དགོས་མཁོ་ཆེ་བའི་ཅ་ཆས་ག་ར་ འཚིགས་ཡོདཔ་ལས་ ཨམ་སྲུ་དང་ ཨ་ལུ་༣ ག་དེ་སྦེ་ གསོ་ནི་ཨིན་ན་ མནོ་བསམ་བཏང་མི་ཚུགས་པས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ ཚོང་ཁང་གི་ཇོ་བདག་ཅིག་གིས་ སླབ་མིའི་ནང་ དངུལ་ཀྲམ་༩༠,༠༠༠ བཙུགས་ཡོད་པའི་སྒྲོམ་ཅིག་དང་ དངུལ་ཀྲམ་འབུམ་༡ ལྷག་པའི་ཚོང་ཆས་ ཁྱིམ་ནང་གི་བཀབ་གོ་ལ་ ཐབ་ཚང་གི་ཅ་ཆས་ དེ་ལས་ གཞན་ལེ་ཤ་ཅིག་ར་ འཚིགས་ཡོདཔ་ལས་ ག་ཅི་འབད་ནི་ཨིན་ན་མི་ཤེས་ཟེར་ཨིན་པས།
རྒྱ་གར་ལས་ཨིན་མི་ ལཱ་འབད་མི་༢ ཀྱིས་ བཀབ་གོ་ལ་དང་ ཐབ་ཚང་གི་ཅ་ཆས་ དེ་ལས་ དངུལ་ཀྲམ་༡༠༠༠ དེ་ཅིག་ཡོད་མི་ཚུ་ཡང་ ཐོབ་མ་ཚུགསཔ་ད་ དེ་ཡང་ ཁོང་ར་ མེ་རྐྱེན་བྱུང་བའི་སྐབས་ ཁང་ཆས་འཕྲུལ་ཁང་ནང་ ཤིང་ཆས་ཚུ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་སྡོད་ཅི་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ མེ་བསད་འགོ་དཔོན་ཚུ་གིས་ ད་རེས་ནངས་པ་ གནམ་གཤིས་འགྱུར་བའི་གནས་སྟངས་ནང་ འབྲུག་མི་ཚུ་གིས་ མེ་ཚུ་ བདག་འཛིན་འཐབ་དགོཔ་གལ་ཆེ་ཟེར་ སླབ་ཡོདཔ་བཞིན་དུ་ སྔ་སྦིས་རོང་ཆུའི་མེ་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ ཞིབ་འཚོལ་ཚུ་འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment