གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་གྱི་ཚོད་བསྲེ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༩/༤/༢༠༡༣ ༉ རྩི་རང་དང་ གསར་སྤང་གཞུང་ལམ་གྱི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ འཕྲལ་འཕྲལ་སྦེ་ར་ སྒུག་བཅུག་པའི་གནད་དོན་གཙོ་བོ་ར་ གཞུང་ལམ་བདའ་སྟེ་ རང་བཞིན་གྱི་ ལུད་ལུ་བརྟེན་པའི་ ཚོད་བསྲེའི་རིགས་ཚུ་ འཐོབ་ཆོག་ཆོ་སྦེ་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།
རྩི་རང་ལུ་ གཞུང་ལམ་ཟུར་ཁར་བཙོང་མི་ རང་བཞིན་གྱི་ཚོད་བསྲེ་ཚུ།


གནམ་བྱཱར་དགུན་མེད་པར་ སྐྱེས་མི་ཚོད་བསྲེ་ཚུ་ཡང་ རྒྱལ་ཁབ་ཕྱི་ལས་ཐོན་མི་ སྨན་ལུད་ཚུ་ ལག་ལེན་མ་འཐབ་པར་ རང་བཞིན་གྱིས་ ཚོད་བསྲེ་འཐོན་སྐྱེད་འབད་ནི་ལུ་ མིང་གཏམ་ཅན་ཅིག་ཨིན་མི་ བེ་ཏི་ནི་རྒེད་འོག་གི་ མི་སེར་ཚུ་གིས་ དུས་རྒྱུན་དུ་ གཞུང་ལམ་བདའ་སྟེ་ གནས་སྐབས་ཀྱི་ཁང་མིག་ཚུ་ནང་ བཙོང་མི་ལུ་བརྟེན་ཨིན་པས།
ད་རེས་ནངས་པ་ གཞུང་ལམ་བདའ་སྟེ་ མི་སེར་ཁོང་ར་གིས་བཟོ་མི་ ཚོད་བསྲེ་བཙོང་སའི་ ཁང་མིག་༤ དེ་ཅིག་ནང་ མི་སེར་སོ་ནམ་པ་སྡེ་ཚན་༤ དེ་ཅིག་གིས་ གནམ་དགུན་གྱི་ཚོད་བསྲེ་ཚུ་ བཙོང་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༠༠༠ ལས་བཅད་དེ་ བཟོ་དོ་ཡོདཔ་ཨིན་པས།
གཞུང་ལམ་ཁར་ ཉིན་བསྟར་བཞིན་དུ་ ཚོད་བསྲེ་བཙོང་མི་ཚུ་གི་གྲས་ལས་གཅིག་ མཐའ་འཁོར་གླིང་གཡུས་ཚན་ནང་ལས་ཨིན་མི་ སོམ་མ་ཡ་ཨིནམ་ད་ མོ་གིས་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ ལྡུམ་ར་ནང་ལས་ ཚོད་བསྲེ་ཚུ་བཏོགས་ཏེ་ ཁྱིམ་ནང་ལས་ དུས་ཡུན་སྐར་མ་༡༥ དེ་ཅིག་གི་རིང་ལུ་ གཞུང་ལམ་ཁར་ བསྐྱལ་ཞིནམ་ལས་ བཙོང་ནི་འགོ་བཙུགས་དོ་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༥ ཚུན་ སྡོད་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༠༠༠ དང་༡༦༠༠ དེ་ཅིག་གི་བར་ན་ བཟོ་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་གི་ ས་ཞིང་ཨེ་ཀར་མ་ལངམ་ཅིག་ནང་ ཚོད་བསྲེའི་ལཱ་འབད་ནི་འགོ་བཙུགས་ཏེ་ ལོ་༢ དེ་ཅིག་སོང་ཡོདཔ་ད་ ཚོད་བསྲེ་ཚུ་ཡང་ གཙོ་བོ་ ནོར་གྱི་ལུད་དང་ རང་བཞིན་གྱི་ལུད་ཚུ་བླུགས་ཏེ་ འཛུགས་སྐྱོང་འབད་མི་ རང་བཞིན་གྱི་ ཐོན་སྐྱེད་ངོ་མ་ཨིན་མི་ལུ་བརྟེན་ ཚོང་མགྲོནཔ་ཚུ་གིས་ཡང་ ཉོ་འབག་ནི་དེ་གིས་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་མི་ལུ་བརྟེན་ སེམས་དགའ་སྟེ་ཡོདཔ་ལས་ ད་ལས་ཕར་ཡང་ ཚོད་བསྲེའི་ལཱ་ཚུ་ འཕྲོ་མཐུད་དེ་ར་ འབད་ནིའི་རེ་བ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ གནམ་དགུན་གྱི་ ཚོད་བསྲེ་ཚུ་གི་གྲས་ལས་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ བོད་སྲནམ་ བོ་རོ་ཀོ་ལི་ ལ་ཕུག་ ནགས་སྐྱེས་ཚུ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ གནམ་བྱཱར་ལུ་འབད་བ་ཅིན་ སྲནམ་ཅུང་དང་ དྲོ་ལི་ཨེ་མ་ ཨེ་མ་ཆུང་ཀུ་ རྡོ་ལོམ་ལ་སོགས་པ་ཚུ་ བཙོང་ནི་ཡོདཔ་ད་ དེ་ཚུ་ ཉིནམ་གཅིག་ར་མ་ཆད་པར་ བཙོང་ནི་ཡོད་ཟེར་ཨིན་པས།
ས་གནས་དེ་ཁ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ ས་གནས་མཐའ་འཁོར་གླིང་ཟེར་སར་ ད་རུང་ མི་སེར་སོ་ནམ་པ་སྡེ་ཚན་ཅིག་གིས་ གནས་སྐབས་ཀྱི་ བཙོང་ཁང་ཅིག་ནང་ ཚོད་བསྲེ་བཙོང་མི་ཚུའི་གྲས་ལས་གཅིག་ སྐྱེས་ལོ་༢༩ ལང་མི་ བི་ན་མ་ཡ་ཏ་མང་དེ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ འདས་པའི་ལོ་༢ ཀྱི་རིང་ གཞུང་ལམ་ཁར་ མོ་གིས་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ ཚོད་བསྲེའི་ལཱ་འབད་དེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ནི་དེ་གིས་ མོ་རའི་ ཨ་ལུ་༣ གྱི་ ཟད་འགྲོ་གཏང་ནི་ལུ་ ཕན་ཁྱད་བྱུངམ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༥༠༠ དེ་རེ་ བཟོ་ཚུགས་པས་ཟེར་ཨིནམ་ད་ ད་ཚུན་ མཐོ་ཤོས་དངུལ་ཀྲམ་༣༥༠༠ ཐོབ་ཅི་ཟེར་ཨིན་པས།
ཚོད་བསྲེ་ཉོ་མི་ཚུ་ཡང་ མང་ཤོས་ར་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་སྡོད་མི་ ཨོ་རྒྱན་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་ར་ དགེ་ལེགས་ཕུག་དང་ ཐིམ་ཕུའི་གཞུང་ལམ་བདའ་སྟེ་ རྒྱུན་ཆད་མེད་པར་ འགྲོ་འགྲུལ་འབད་མི་ཅིག་ཨིནམ་ལས་ གཞུང་ལམ་ཁར་ ཚོད་བསྲེ་དང་ ཨོམ་གྱི་ཐོན་སྐྱེད་ཚུ་ ཉོ་འབགཔ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བེ་ཏི་ནི་གི་ཚོད་བསྲེ་ཚུ་ རང་བཞིན་གྱི་ཐོན་སྐྱེད་ངོ་མ་ཨིནམ་ ཧ་གོ་མི་ལུ་བརྟེན་ སྤུས་ཚད་ཡང་ ལེགས་ཤོམ་ཐོབ་པའི་ཁར་ འདབ་མ་ཀོ་པི་ཚུ་ མང་ཤོས་ར་ མ་བཙོ་བར་ བཟའཝ་ཨིན་ཟེར་བའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment