གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་ཙ་ གནས་ཡུན་ཚང་མི་ ཚོགས་སྡེའི་འཐུས་མི་༤ དགོངས་ཞུ་འབད་ཡོདཔ།

༢༩/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གསརཔ་ཚུ་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་གྲུབ་སྟེ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ ཧེ་མའི་ འཐུས་མི་ཚུ་གིས་ ཁ་ཙ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
དེ་ཡང་ ཚོགས་སྡེའི་ཁྲི་འཛིན་གྱིས་གཙོས་པའི་ འཐུས་མི་༤ གིས་ དགོངས་ཞུའི་དོན་ལུ་ ཚོགས་སྡེའི་དྲུང་ཆེན་ཡིག་ཚང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ ཁྲི་འཛིན་གྱི་ཁྲི་ལུ་ བཀྲིས་སྨོན་ལམ་དང་ ཁ་དར་ཚུ་ ཕུལ་ཡོདཔ་ཨིན་པས།



བཙག་འཐུ་ལས་གྲུབ་མི་ འཐུས་མི་༢༠ དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་མི་ ཁྱད་ལྡན་གྱི་འཐུས་མི་༥ འབདཝ་ད་ འཐུས་མི་བསྡོམས་༢༥ གིས་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ཏེ་ ཚོགས་སྡེ་འཚོགས་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཀྱི་ ཚོགས་སྡེའི་འཐུས་མི་ གསརཔ་ཚུ་ཡང་ ཁྲིམས་ལུགས་དང་འཁྲིལ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ བཙག་འཐུ་འབད་ཡོདཔ་བཞིན་དུ་ དེ་གུ་ མི་དབང་མཆོག་གིས་ འཐུས་མི་གསརཔ་༥ བསྐོ་བཞག་གནང་ནི་ཨིན་པས།
དྲུང་ཆེན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུས་མི་གསརཔ་ཚུ་གིས་ མི་དབང་མཆོག་གི་ བཀའི་གནང་བ་དང་འཁྲིལ་ ཚོགས་ཐེངས་འགོ་བཙུགས་ནི་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་དང་འཁྲིལཝ་ད་ འཐུས་མི་ཚུ་གི་གྲས་ལས་ ཁྲི་འཛིན་༡ དང་ ཁྲི་འཛིན་འོག་མ་ཅིག་ བསྐོ་བཞག་གནང་དགོཔ་ཨིན་པས།
དེ་གི་ཤུལ་ལུ་ མི་དབང་མཆོག་གིས་ ཁྲི་འཛིན་ལུ་ བདག་རྐྱེན་གནང་ནི་དང་ འཐུས་མི་གཞན་ཚུ་གིས་ ཚོགས་ཐེངས་དང་པ་ འགོ་བཙུགས་མི་དང་འབྲེལ་ རསཔ་མེད་པའི་ བཀབ་ནེ་ཧོནམོ་ བཀབ་ནི་ཨིན་པས།
དགོངས་ཞུ་འབད་ནིའི་ དུས་ཡུན་མ་ཚང་ཚུན་ ཕྱག་ཞུ་མི་ཚུ་ཡང་ ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་དང་ བསམ་རྩེའི་འཐུས་མི་ ཌོག་ཊར་ མ་ནི་ ཀུ་མར་རའི་ གསར་སྤང་གི་འཐུས་མི་ ཀརྨ་རྡོ་གནོན་དབང་འདུས་ དེ་ལས་ བཀྲིས་གཡང་རྩེའི་འཐུས་མི་ སྐལ་བཟང་རྣམ་རྒྱལ་ཚུ་ཨིན་པས།
འཐུས་མི་གཞན་༡༦ གིས་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་ཡོདཔ་ད་ དེ་ཚུའི་གྲས་ལས་༡ གིས་ སྲིད་དོན་ཚོགས་པའི་ནང་ འཛུལ་ཡོདཔ་ད་༡༥ གིས་ ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་རུང་༦ མ་གཏོགས་ ལོག་བཙག་འཐུ་ མ་གྲུབ་ཨིན་པས།

ཚོགས་སྡེ་ནང་ གནས་ཡུན་མ་ཚང་ཚུན་ སྡོད་མི་ཚུ་གིས་ དགོངས་ཞུའི་འཐུས་དངུལ་ཀྲམ་འབུམ་༧ དེ་ཅིག་ འཐོབ་ནི་ཨིན་པའི་གནས་ཚུལ། 
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment