གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐའ་ཟུར་གྱི་གཡུས་མི་༡༨ ལུ་ ཉིན་འཐུས་སྤྲོད་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་ནི།

༢༣/༤/༢༠༡༣   ༉ གཞུང་གིས་ མགར་ས་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ གཡིབ་སུ་ནང་གི་ མི་སེར་ཚུ་ལུ་ ད་རིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་བཅུག་ནིའི་དོན་ལས་ མི་རེ་ལུ་ ཉིན་འཐུས་དངུལ་ཀྲམ་༥༠༠ རེ་ བྱིན་ནི་ཨིན་རུང་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པར་ མི་འགྱོ་ནི་ཨིན་པས།
ཉིན་འཐུས་སྤྲོད་དེ་ ཚོགས་རྒྱན་བཙུགས་བཅུག་ནི་ཨིན་མི་ མཐའ་ཟུར་གཡུས་ཚན་ གཡིབ་སུ་ནང་གི་ མི་སེར་ཚུ།


གཡུབ་སུ་ནང་ལས་ ཁྱད་ལྡན་གྱི་ གསང་བའི་ཚོགས་རྒྱན་བཙུགས་ཆོག་མི་༡༨ ཡོདཔ་ད་ གཞུང་གིས་འབད་བ་ཅིན་ མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ འདྲ་མཉམ་བྱིན་ཐབས་ལུ་དམིགས་ཏེ་ གཡུས་མི་༡༨ ལུ་ ཉིན་གྲངས་༥ གི་ ཉིན་འཐུས་བསྡོམས་ དངུལ་ཀྲམ་༤༥,༠༠༠ རྩིས་རྐྱབ་བཞག་མི་དེ་ དོན་མེད་འགྱོ་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཙག་འཐུ་འགོ་དཔོན་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ ས་གནས་དེ་ཁར་ ཆགས་པའི་སྐབས་ མི་ཚུ་གིས་ ཚོགས་རྒྱན་བཙུགས་པར་ མི་འགྱོ་ནིའི་སྐོར་ལས་ སླབ་དེས་ཟེར་ མགར་སའི་ ངོས་ལེན་འགོ་དཔོན་ ཟླ་བ་དཔལ་འབྱོར་གྱིས་ སླབ་ཡོདཔ་ཨིན་པས།
དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ ཁཝ་གིས་ ལམ་བསུབས་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ ར་མེད་ནང་ལུ་ ལྷོད་མི་ཚུགས་ནི་མས་ཟེར་ཨིནམ་ད་ ར་མེད་ནང་དེ་ གཡིབ་སུ་ནང་ལས་ རྐང་ཐང་སྦེ་ ཉིན་ལམ་༥ འགྱོ་དགོ་པའི་ལམ་ཁར་ཨིན་པས།
ཟླ་བ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁཝ་གིས་ ལམ་བསུབས་པའི་ཁར་ ཕོ་ཆུའི་གུ་ལས་ ཟམ་མེད་ནི་དེ་གིས་ ཆུ་བརྒལ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ ཨིན་རུང་ ས་གནས་དེ་ཁར་ མི་༡༧ དེ་ཅིག་དང་གཅིག་ཁར་ ཕྱད་པའི་སྐབས་ དམངས་གཙོའི་རིང་ལུགས་ཀྱི་སྐོར་ལས་དང་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེའི་ཁྱད་པར་ མི་སེར་ཚུ་གིས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་དགོཔ་ཁག་ཆེ་བའི་སྐོར་ལས་ དེ་ལས་ ཁོང་ཆ་ཁྱབ་ལུ་ ཉིན་འཐུས་སྤྲོད་ནིའི་སྐོར་ལས་ ཁ་གསལ་སྦེ་ གསལ་བཤད་འབད་བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་མི་༡༨ ཀྱི་གྲས་ལས་༩ ཨ་ལུ་ཨིནམ་ད་ གཞན་མི་༨ ཀྱི་གྲས་ལས་ ཨམ་སྲུ་༡ རྐྱངམ་གཅིག་གིས་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་ནུག་ཟེར་ཨིན་པས།
ས་གནས་དེ་ཁའི་ མི་སེར་ཚུ་ལུ་ ཉིན་འཐུས་སྤྲོད་དེ་ ཚོགས་རྒྱན་བཙུགས་བཅུག་ནིའི་གོ་སྐབས་ བྱིན་དགོ་མི་དེ་ཡང་ ད་རེས་ གནམ་དགུན་གྱི་ ཁཝ་ལུ་བརྟེན་ བཙག་འཐུ་འགོ་དཔོན་ཚུ་ ལམ་འགྱོ་ཚུགས་པའི་ འོས་འབབ་མེད་པའི་ཁར་ ས་གནས་དེ་ཁར་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ མེ་བཏང་ལས་ མི་སེར་ཚུ་ལུ་ ཉིན་འཐུས་སྤྲོད་དེ་ འབོ་བ་ཅིན་ ཁེ་ནི་མས་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
གཡིབ་སུ་ནང་དེ་ གངས་རི་གིས་སྐོར་བའི་ཁར་ བྱག་གུ་ཆགས་ཡོདཔ་ལས་ ལམ་འགྱོ་ཚུགས་ནིའི་ གོ་སྐབས་མེདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་༤ ཡོད་མི་ཚུ་ནང་ མི་གྲངས་༣༨ ལས་མེདཔ་ཨིན་པས།
མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མའི་ནང་ གཡིབ་སུ་ནང་ལུ་ ལམ་མ་ཐལ་བའི་ཁར་ སྤྱི་ལོ་༡༩༩༤ ལུ་ ཆུ་རུད་ཀྱིས་ གཡུས་ཚན་དེ་ནང་འགྱོ་སའི་ ལམ་༡ ལས་བརྒལ་མེད་མི་དེ་ ཕོ་ཆུའི་འོག་ལུ་ ཚུད་ནི་དེ་གིས་ ད་རེས་ ས་གནས་དེ་ཁའི་ མི་རྐྱངམ་གཅིག་གིས་མ་གཏོགས་ གཞན་གྱིས་ འགྱོ་ཚུགས་པའི་འོས་འབབ་ མེད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་དེ་ ནང་སྲིད་དྲུང་ཆེན་སྦེ་སྡོད་པའི་སྐབས་ ས་གནས་དེ་ཁར་ གནམ་གྲུའི་ཐོག་ལས་ འཕུར་འགྲུལ་འབད་དེ་ དེ་ཁའི་མི་སེར་ཚུ་ གཞིས་གསར་ནང་ གཏང་ནིའི་དཔའ་བཅམ་པའི་སྐབས་ ཉན་མ་བཏུབ་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་དེ་ཁར་ མཐུན་རྐྱེན་ཚུ་ ག་ཅི་ཡང་མེད་དེ་འབད་རུང་ མི་སེར་ཚུ་ དགའ་སྐྱིད་ཀྱི་ཐོག་ལས་ སྡོདཔ་མས་ཟེར་ཨིན་པས།
ས་གནས་དེ་ཁའི་མི་ཚུ་ གཞིས་གསར་ནང་འགྱོ་ནི་ལུ་ སྤྲོ་བ་མ་བསྐྱེད་ནི་དེ་གིས་ གཞུང་གི་ཧོངས་ལས་ འཐུང་ཆུ་བཏོན་ནིའི་ ཆུ་དུང་དང་ མེ་བསྲོ་ནིའི་བུ་ཁུ་རི་༤ ཉི་དྲོད་གློག་མེ་སོ་ལཱར་༤ དེ་ལས་ བ་མེན་༡ ཡང་ བྱིན་ཡི་ཟེར་ཨིན་པས།
དེ་ལས་ ཤེས་རིག་ཡོན་ཏན་བྱིན་ནི་ལུ་དམིགས་ཏེ་ ཨ་ལུ་༤ སློབ་གྲྭ་ནང་ བཏང་མིའི་གྲས་ལས་༢ ཐོན་སྡོད་ནུག་ཟེར་ཨིན་པས།
གཡུས་ཚན་དེ་ནང་ སློབ་གྲྭ་དང་ གསོ་བའི་མཐུན་རྐྱེན་མེད་པའི་ཁར་ ཐ་ན་ ལོ་ཆོག་གཏང་ནི་དང་ མི་ཤི་དབང་བསྐུར་འབད་མི་ བླམ་ཆོསཔ་ཡང་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།
གཡིབ་སུ་ནང་དེ་ ཧེ་མ་ལས་ གཞིས་བཅགས་མི་ གཡུས་ཚན་ཅིག་ཨིན་རུང་ ཁོང་གི་སྐོར་ལས་ ག་གིས་ཡང་ མ་ཤེས་དོ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ ས་གནས་དེ་ཁར་ མི་གཞན་ལྷོད་ནིའི་ གོ་སྐབས་མེདཔ་ལས་ གཉེན་ཡང་ ཁོང་རའི་ ཉེ་ཚན་ཚུ་དང་གཅིག་ཁར་ རྐྱབ་དོ་ཡོདཔ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment